མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མང་རྫོང་སུ་རུག་བྱིས་པའི་གླིང་ལ་རོགས་སྐྱོར་གནང་བ།
མང་རྫོང་སུ་རུག་བྱིས་པའི་གླིང་གི་བྱ་འགུལ་ཁང་།
རོགས་སྐྱོར་ཞལ་འདེབས་གནང་བའི་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།
ཟླ9བའི་ཚེས12ཉིན། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོའི་མང་རྫོང་སུམ་མདོ་ཡུལ་ཚོའི་སུ་རུག་སྡེ་བའི་བྱིས་པའི་གླིང་ལ་རོགས་སྐྱོར་ཞལ་འདེབས་གནང་བའི་མཛད་སྒོ་བསྡུས་ཤིང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་། མང་རྫོང་སློབ་གསོ་ཅུའུ། སུམ་མདོ་ཡུལ་ཚོའི་འགོ་ཁྲིད། སུ་རུག་སྡེ་བའི་ལས་བྱེད་མི་སྣ་དང་བྱིས་པའི་ཁྱིམ་བདག་སོགས་མཛད་སྒོ་ལ་ཞུགས་པ་རེད།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལས་བྱེད་མི་སྣ་རྣམས་ཀྱིས་སུ་རུག་བྱིས་པའི་གླིང་གི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སོགས་ལ་རྒྱུས་ལོན་བྱས་པ་དང་མཉམ་དུ། སུ་རུག་བྱིས་པའི་གླིང་ལ་རིན་ཐང་སྒོར་ཁྲི་གཉིས་ཀྱི་གློག་ཀླད་དང་། བརྙན་འཕྲིན། བོད་ལྭ། སྨྱུག་སྒམ། རྩེད་ཆས་སོགས་འཚོ་བ་དང་སློབ་སྦྱོང་གི་མཁོ་ཆས་གནང་།
ཞལ་འདེབས་གནང་བའི་མཛད་སྒོའི་སྟེང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིས་གསུང་བཤད་གནང་བ་སྟེ། སློབ་གསོ་ནི་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གོང་དུ་སྤེལ་བའི་རྨང་རྡོ་ལྟ་བུར་གྲུབ་ཅིང་། མི་རིགས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་ན་གཙོ་བོ་སློབ་གསོ་ལ་རག་ལས་པ་དང་། ན་ཆུང་བྱིས་པའི་སློབ་སྔོན་སློབ་གསོས་མ་འོངས་པར་བྱིས་པ་རྣམས་ཀྱིས་སློབ་གསོ་དེ་ལས་ལྷག་པ་མྱོང་བ་དང་མདུན་ལམ་ཡངས་པར་འབྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པས། སློབ་སྔོན་སློབ་གསོ་དེ་བྱིས་པ་རྣམས་ལ་མཚོན་ན་གལ་ཤིན་ཏུ་ཆེ་ཞེས་བརྗོད། དེའི་མཚུངས་སུ་ཁོང་གིས་ཁྱིམ་བདག་རྣམས་ཀྱིས་སློབ་གསོ་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ནུས་པ་ཅི་ཐུབ་སྒོས་བྱིས་པ་སྐྱེད་སྲིང་དང་མ་འོངས་མདུན་ལམ་བསྐྲུན་རྒྱུའི་རེ་བ་བཏོན་པ་རེད།
རོགས་སྐྱོར་ཞལ་འདེབས་གནང་བའི་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།
རོགས་སྐྱོར་ཞལ་འདེབས་གནང་བའི་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།
སུ་རུག་སྡེ་བའི་ཧྲུའུ་ཅི་རྒྱ་རྒྱ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སུ་རུག་བྱིས་པའི་གླིང་ལ་མིག་སྔར་བྱིས་པ21ཡོད་ཅིང་། སྡེ་བ་དེ་གས་མང་རྫོང་སློབ་གསོ་སྡེ་ཁག་གིས་བྱིས་པ་རེ་ལ་གནང་བའི་ཁ་གསབ་རོགས་དངུལ་སྒོར3700ཡིས་སློབ་གྲྭའི་སྒྲོག་ཙེ་དང་། རྩེད་ཆས། འཚོ་བའི་མཁོ་ཆས་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་། སྡེ་བ་འདི་མང་རྫོང་དང་ལམ་ཐག་ཅུང་རིང་ཞིང་། སློབ་གྲྭ་གཅིག་བསྡུ་བྱས་རྗེས་བྱིས་པའི་གླིང་གི་ཞིང་ས་རྣམས་བགོས་ཏེ་ད་ལྟ་ས་མུའུ100ལ་བརྟེན་ནས་སློབ་སྔོན་སློབ་གསོའི་རྒྱུན་སྐྱོང་བཞིན་ཡོད་པས་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ཞན་པ་དང་། དགེ་རྒན་གཅིག་གིས་བྱིས་པའི་གླིང་གི་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ་སོགས་ཕྱོགས་ཡོངས་ལ་དོ་དམ་བྱེད་ཀྱིན་ཡོད།
ཐེངས་འདིའི་རོགས་སྐྱོར་ཞལ་འདེབས་གནང་བའི་བྱ་འགུལ་གྱིས་སྡེ་བ་དེ་གའི་བྱིས་པ་གླིང་གི་སློབ་སྒྲུབ་ཆ་རྐྱེན་མཐོར་འདེགས་དང་། སློབ་སྔོན་སློབ་གསོ་གོང་དུ་སྤེལ་བ། སློབ་མ་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་ཁྲོད་ཀྱི་དཀའ་ཁག་སེལ་བ་སོགས་ལ་ནུས་པ་ཆེན་པོ་ཐོན་ལ། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་མང་རྫོང་སློབ་གསོ་སྡེ་ཁག་གིས་འགོ་ཁྲིད་རྣམས་ཀྱིས་སང་ལོར་མུ་མཐུད་དུ་མ་དངུལ་སྒོར་ཁྲི45བསྡུས་ཏེ་སུ་རུག་སྡེ་བའི་བྱིས་པ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སློབ་སྔོན་སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ངེས་ཡིན་ཞེས་བསྟན་པ་རེད།
རོགས་སྐྱོར་གནང་བའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྣམས་དང་སུ་རུག་བྱིས་པའི་གླིང་གི་བྱིས་པ་རྣམས་མཉམ་དུ་པར་སྐྱོན་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com