ངོས་དང་པོ > སློབ་གསོ། > སློབ་གསོའི་རིགས་གཞུང་། > ཕུ་ནུའི་མདོ་ལས་བསྟན་པའི་གནའ་བོའི་བོད་ཀྱི་བྱིས་པའི་སློབ་གསོའི་རྩ་དོན་སྐོར་གླེང་བ།
ཕུ་ནུའི་མདོ་ལས་བསྟན་པའི་གནའ་བོའི་བོད་ཀྱི་བྱིས་པའི་སློབ་གསོའི་རྩ་དོན་སྐོར་གླེང་བ།
རྩོམ་པ་པོ།:ཤེས་རབ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-03-10 09:23:03
ཀློག་གྲངས།:
ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ནི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་དབུ་ཞབས་ཀྱི་དོན་ཆ་ཚང་ཞིང་། བརྗོད་བྱ་རྒྱ་ཆེ་ལ་གནད་དུ་ཁེལ་བའི་བོད་ཀྱི་མི་ཆོས་རིག་གནས་ཀྱི་གཏེར་ཁ་ལྟ་བུའི་གཞུང་བཟང་ཞིག་རེད། འདི་ནི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཆའི་གྲས་ཡིན་ཞིང་། པར་གཞི་མི་འདྲ་བ་བཞི་ཙམ་ཡོད་པ་ལས་གཅིག་ཁ་ཚང་ཞིང་གཞན་རྣམས་ཆ་མི་ཚང་བ་རེད། རྗོད་བྱེད་ཀྱི་ཆ་ནས། བརྡ་རྙིང་མང་ཞིང་། གི་གུ་ཕྱིར་ལོག་དང་མིང་གཞི་ཕན་ཚུན་བརྗེ་རེས་བྱེད་པ་སོགས་ཡིག་རྙིང་གི་ཁྱད་ཆོས་མངོན་པར་གསལ། བརྗོད་བྱའི་ཐད་མི་རིགས་གཞན་གྱི་ཤན་མ་ཐེབས་པར་བོད་མི་རང་གི་མི་ཆོས་ཀུན་སྤྱོད་དེ། མི་རེ་རེའི་གཏམ་བཤད་ལུགས་དང་། ཞྭ་གོས་གྱོན་ལུགས། དྲིན་གཟོ་ལུགས། གྲོས་འདེབས་ལུགས། གྲོགས་དང་འགྲོགས་ལུགས། ཁྱིམ་ཐབས་སྐྱོང་ལུགས། མདོར་ན་རྒྱལ་པོས་རྒྱལ་སྲིད་སྐྱོང་ལུགས་ནས་སྤྲང་པོས་ཅ་ནེ་སྐྱོར་ལུགས་ཡན་ཆད། གཏམ་ཞིབ་མོའི་ལུགས་སུ་བགྱིས། གནད་ལག་ལེན་གྱི་ཕྲ་སར་ཕབ། དཔེ་དང་རྒྱུ་མཚན་མང་པོ་འཐད་པ་དང་བཅས་བཀོད་པའི་ལེགས་བཤད་ཅིག་རེད། ལྷག་དོན། བོད་ཀྱི་གནའ་དེང་གི་བསྟན་བཅོས་ཀུན་ལ་མ་ཐོན་པའི་བྱིས་པའི་སློབ་གསོའི་སྐོར། ད་ལྟའི་འཛམ་གླིང་བྱིས་པའི་སློབ་གསོ་ཡི་རྩ་དོན་དང་ཤིན་ཏུ་མཐུན་པ་མང་པོ་ཞིག་བསྟན་ཡོད་པས། འདིར་བྱིས་པའི་སློབ་གསོའི་སྐོར་ཅུང་ཟད་གླེང་བར་བྱའོ། །
དང་པོ། བྱིས་པའི་སློབ་གསོའི་གལ་ཆེ་བའི་རྩ་དོན་གཉིས།
ཕ་མ་སུས་ཀྱང་གལ་ཏེ་རང་ཉིད་ལ་བུ་ཚ་ཞིག་ཡོད་ཚུན་ནས། ལེགས་པའི་ལམ་དུ་ཇི་ལྟར་བཀྲི་བ་ལ་མནོ་བསམ་ཅིས་ཀྱང་གཏོང་ངེས་པ་ཡིན་པས། དྲི་བ་དེ་ལྟ་བུའི་ལན་ལ། ཕུ་ནུའི་མདོ་ལས། “ཐབས་ནི་ཆི་ལ་ཡྔ་ལེགས་པར་བྱ་བའི་རིགསོ། །ནོར་དུ་ནི། དྲང་ཞིང་མ་ནོར་བའི་གཞུང་བྱིན་ན། །དེ་ཆེ་སྟེ། །”ཞེས། རང་གི་བུ་ཚ་ཆུང་ངུའི་དུས་ནས་ཇི་ལྟར་ལེགས་ལམ་དུ་སྐྱེད་སྲིང་བྱ་སྙམ་ན། ཐབས་གང་ལེགས་ལེགས་ཀྱིས། མི་ཚེའི་ནོར་དུ་དྲང་ཞིང་བདེན་པའི་མི་གཤིས་ཤིག་བསླབ་རྒྱུ་ནི་གལ་ཆེ་བའི་གནད་དང་པོ་ཡིན་པར་བསྟན་ཅིང་། གཉིས་པ་ལ་ཡང་ཕུ་ནུའི་མདོ་ལས། “ཕ་མ་དང་། །ཕུ་ནུ་རྒན། རབས་གྱིས་གྱང། །བུ་ཚ་གཞོ་ནུ་ནི། །ཤེས་པའི་ཞོ་ཤ་ཁོང་ན་མ་ལུས། བསླབ་ཆིང་སྦྱང་བ་ལས་ཆེད་བ་མྱེད་དོ། །”ཞེས་ཕ་མ་རྒན་རབས་སུ་ཡིན་ཡང་། བུ་ཚ་ལ་ཆུང་གཞོན་ནུའི་དུས་ནས་བློ་ཁོག་ཏུ་མ་རུལ་བར། བསླབ་བྱའི་གནས་གང་ལ་བློའི་རྩལ་འདོན་དུ་འཇུག་རྒྱུ་ལས་ལྷག་པའི་ལམ་མེད་པར་བསྟན་པ་དང་། སུམ་པའི་མ་ཤགས་ཆེན་མོར་ཡང་། “བུ་ཚ་བསྐྱེད་དེ་སློབས་སྦྱོངས་མ་བྱས་ན་གཏི་མུག་གི་གཞི་སྟེ། བསྐྱེད་པའི་དོན་མྱེད་ལ། ལྟོ་རྒྱབ་ཀྱི་གྲོན་ཆེའོ།”ཞེས་ཏེ། བུ་ཕྲུག་སློབ་སྦྱོང་གི་ལམ་ཁར་འཇུག་པའི་གལ་ཆེན་རང་བཞིན་བཤད་ཡོད་པ་ལྟར། བྱིས་པ་དག་ཆུང་དུས་ནས་མི་གཤིས་བཟང་ཞིང་ཤེས་རབ་ཆེ་བ་ཞིག་ཏུ་སྐྱེད་དགོས་པའི་བླང་བྱ་བཏོན་ཡོད་པས། འདི་ལྟ་བུའི་སློབ་གསོའི་རྩ་དོན་ཆེན་མོ་གཉིས་ནི། དེང་གི་དུས་སུ་ཡང་གལ་ཆེན་དུ་འཛིན་པ་མ་ཡིན་ནམ།
གཉིས་པ། ཅིའི་ཕྱིར་སློབ་དགོས་པ་དང་གང་ལ་བསླབ་པར་བྱ་བའི་རྩ་དོན།
རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། “མ་བསླབས་ཁ་རོག་འདུག་པ་ལ། །ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །”ཅེས་པ་ལྟར། ཕུ་ནུའི་མདོ་ལས་ཀྱང་། “ཡོངས་ནི། མ་བསྟན་པར་ཤེས་པ་དང། མ་བསླབས་པར་ལོབས་པ་མྱེད་དོ འཛངས་པ་ཆི་ཡྔ་ཤེས་པ་ཡྔ། བསླབ་པ་ལ་ནི་འགྲུས། བསྟན་པ་ལ་ནི་ཉན། །”ཞེས་སློབ་སྦྱོང་གི་འབྲས་བུ་རྒྱུ་མེད་རྐྱེན་མེད་ཀྱིས་རང་རྒྱུད་ལ་འོང་ཐབས་མེད་པས། དང་པོ་རྒྱུའི་གནས་སྐབས་ནས་ཡག་པོ་མཉན་ཅིང་བརྩོན་འགྲུས་དགོས་པ་དང་། བསླབ་བྱ་གང་ལ་ཡང་ཕྱོགས་རིས་མེད་པར་གནས་ལུགས་དང་གང་མཐུན་ན་དེ་བསླབ་ཅིང་ཉམས་སུ་བསྟར་དགོས་ཏེ། ཡང་ཕུ་ནུའི་མདོ་ལས། “ལེགས་པ་ནི། དགྲ་ལ་ཡོད་ཀྱང་ལེན། ཉེས་པ་ལ་ནི། །བདག་ལ་ཡོད་ཀྱང་འདོར། །”ཞེས་ཐོག་མའི་རྩ་དོན་ཉིད་གཏན་ལ་ཕབ་ཡོད། དེར་བསླབ་པར་བྱ་བའི་གནས་གང་ཡིན་སྙམ་ན། ཕུ་ནུའི་མདོར། “བུས་བ་གཞོ་ནུ། རྩེ་བའི་གོར། ཡིག་རྩིས་ལ་སྩོགས་པ། །འཛངས་ཀྱི་སྣོན་དུ་འགྲོ་བ་དང། ཕོང་རྩལ་ལ་སྩོགས་པ། །དཔའ་བའྀ་སྣོན་དུ་འགྲོ་བ། ལོབ་པར་བསླབས་པའི་རིགསོ། །”ཞེས་བུ་ཕྲུག་ཆུང་དུས་ནས་རྩེད་མོ་ལ་གཡེང་མ་ཆེས་པར་མཁས་པར་འགྲོ་བའི་རྒྱུ། ཡིག་རྩིས་སྩོགས་ལ་བསླབ་པར་བྱ་ཞིང་། རྩལ་ཤུགས་ཆེ་བའི་དཔའ་བོར་འགྱུར་བའི་རྒྱུར། མདའ་རྩལ་སོགས་རིགས་ཆེན་པོ་གཉིས་ལ་བསླབ་དགོས་པར་བསྟན་ཡོད། ཡང་ན། བློའི་ཤེད་བྱེ་བ་ལ་ཡིག་རྩིས་སོགས་གཞུང་ལུགས་དང་། ལུས་ཀྱི་རྩལ་སྐྱེད་པ་ལ་མདའ་རྩལ་སོགས་བསླབ་དགོས་པར་བསྟན། ལྷག་པར་དཔེ་ཀློག་གི་གོམས་གཤིས་ཆགས་རྒྱུ་གནད་ཆེ་བར་དགོངས་ཏེ། ཕུ་ནུའི་མདོ་ལས། “སྙན་ངག་ལ་སྩོགས་པ། ཡི་གེ་བཟང་པོ་འཆང་ཞིང་། གློག་ཏུ་བཆུག་ན། འཛངས་གྱི་སྣོན་དུ་རུངོ། །”ཞེས་ནན་ཏན་དུ་གསུངས། བསླབ་བྱའི་གཞུང་ཡང་གང་རྙེད་རྙེད་ཀྱིས་མ་ཡིན་པར་འདམ་ཀ་བྱ་དགོས་ཏེ། བསླབ་ཏུ་རུང་མི་རུང་གི་ཚད་ནི། ཕུ་ནུའི་མདོར། “ཡུན་དུ་ཕན་བ་ནི་། དཀའ་ཡྔ་བསླབ། །ཡུན་དུ་གནོད་པ་ནི། །དད་གྱང་གཏང་ན་འཕྲལ་གྱི་ལྟ་ཆི་སྨོས། །”ཞེས་འཕྲལ་དུ་ཕན་གནོད་གང་འདྲ་ཡང་ཕུགས་སུ་ལེགས་ན་ལེན། ལྡོག་སྟེ་ཕུགས་སུ་རང་ལ་གནོད་སྐྱེལ་བྱེད་ཀྱི་བརྗོད་བྱ་ཅན་ནི་ནམ་ཡང་བླང་བར་བྱ་བ་མ་ཡིན་ནོ་ཞེས་པའི་གནས་ལུགས་བསྟན་ཡོད།
གསུམ་པ། བཤེས་གཉེན་ཇི་ལྟར་བསྟེན་ཚུལ་གྱི་རྩ་དོན།
བྱིས་པ་དག་ན་སོ་ཤིན་ཏུ་ཕྲ་དུས་ནས། བསླབ་པར་བྱ་བ་ལ་འཇུག་པའི་གོང་ན་མེད་པ་བསྟན། བསླབ་བྱའི་གཞུང་ཡང་བཤད་ཟིན་ན། ད་ནི་ཇི་ལྟར་སློབ་པའི་ཚུལ་བསྟན་པ་ནི། ཐོག་མར་དགེ་རྒན་ཞིག་མ་བསྟེན་ཐབས་མེད་ཀྱི་གནས་ལུགས་སྟེང་ནས། དགེ་རྒན་ཇི་ལྟ་བུ་ཞིག་བསྟེན་དགོས་ཤེ་ན། ཕུ་ནུའི་མདོ་ལས། “དྲང་པོར་སྟོན་པ་ལ་ནི་གཤེ་ཡྔ་དགའོ། །ལོག་པར་སྟོན་པ་ནི། །བྱམས་གྱང་སྤང་ངོ། །”ཞེས། བློ་གྲོས་དང་མི་གཤིས་ཀྱི་ཐད་ནས་མིག་ལྟོས་ཕེར་བ་ཞིག་འདུག་ན། ཡོན་ཏན་བསླབ་ཚུལ་ལ་འཇམ་རྩུབ་གང་བྱུང་ཡང་བསྟེན་འོས་སུ་གྱུར་པ་དང་། དེ་ལས་ལྡོག་ན། ཡང་ཕུ་ནུའི་མདོར། “གཞུང་མྱེད་ན། །ཆེ་ཞིང་མཐོ་ཡྔ། །དེའི་གན་དུ་མྱི་གཞགོ །གཞོན་སྐྱེས་སྟེན་ལས། །རྫུ་བ་མང་གིས། །མྱི་ལོག་པ་ལ་སྲེད་པ་རྣམས་དང། སྟེན་ཆིང་མཛར་མྱི་གཞུགོ། །”ཞེས་མི་གཤིས་ཀྱི་གཞུང་བོར་བ་ཐོབ་མཐོན་པོ་ལ་གནས་ཤིང་། གཡོ་རྫུ་མང་པོ་སྟོན་ཅིང་ལོག་པར་ཞེན་པ་རྣམས་ལ། ནམ་དུ་ཡང་བསྟེན་ཅིང་མཛར་འཇུག་མི་རུང་བའི་བསྟེན་བྱའི་དགེ་རྒན་གྱི་རྩ་དོན་ཐོག་མར་བསྟན་ཡོད། དེ་ནས་དགེ་རྒན་བསྟེན་པའི་གོ་རིམ་བསྟན་པ་ནི། ཕུ་ནུའི་མདོར། “བདགི་བུ་ཚ་བསླབ་བ་ཡྔ། །དང་པོ་ནི་། སུ་བདག་ལ་བྱམས་ཤིང་འཛངས་པའི་གན་དུ་གཞག་སྟེ་བསླབ་ཆིང་དབྱངངོ། །”ཞེས་བྱིས་པའི་ཐོག་མའི་སློབ་སྦྱོང་གི་དུས་སུ་བྱམས་ཤིང་ཐབས་ཞི་དྲག་ལ་མཁས་པའི་གམ་དུ་བསླབ་དགོས་ཏེ། རྒྱུ་མཚན། ཕུ་ནུའི་མདོ་རུ། “བསླབ་པ་དང་པོ་བྱམས་པའྀ་གན་དུ་གཞག་པ་ནི། །བདགི་བུ་གཞོན་བས། །ལེགས་ཉེས་གཉིས་བྱེ་བྲག་མྱི་ཕྱེད་ལ། བྱ་མྱི་བྱ་དྲོད་མྱི་ཟིན་པས། །བདག་ལ་བྱམས་པ་ཉིད་མ་ཡིན་ན། །འཁྱམས་ཤིང་ཁྲིན་ལ་ཐོགས་པར་ཡང་འོང”ཞེས་བུ་ཚ་ན་ཚོད་མ་སྨིན་པས་བརྩེ་བས་སྐྱོང་མཁས་ཅན་ཞིག་མིན་པར། སྣང་མེད་བཞག་ན་བྱིས་པས་སྐྱོན་ཡོན་ཕྱེད་མི་ཤེས་པས་ལོག་པར་ལྟུང་བ་འོང་ཞེས་བརྩེ་བའི་སློབ་གསོས་རྩ་བ་བྱེད་དགོས་ཤིང་ཐབས་ཞི་དྲག་གཉིས་ལྡན་དགོས་པར་བསྟན། གཉིས་པ་ནི། ཕུ་ནུའི་མདོར། “དེ་ནས་བློན་ཆེ་ཞིང་དབུལ་བའྀ་གན་དུ་གཞག་ཆིང་བསླབ་སྟེ་དབྱངོ། །”ཞེས་བསླབ་པ་ཅུང་ནར་སོན་ཚེ། དགེ་རྒན་ཐོབ་ལ་དབང་ཞིང་། དབུལ་པོ་ཞིག་གི་སར་བསླབ་དགོས་ཏེ། ཕུ་ནུའི་མདོར། “བློན་པོ་དེ་ཆེ་བ་ལས་ན། མྱི་འཛངས་མྱི་སྲིད། །དབུལ་བས་ན། དྲང་དཀན་དང་གཞུང་ཆེ་བ་དང་། འདོད་ཆུང་བ། མ་ཡིན་མྱི་སྲིདེ། །བདག་གི་བུ་ཡང་དེའི་ལུགས་བསླབ་པའྀ་ཕྱིར། དེར་གཞགོ། །”ཞེས་དགེ་རྒན་བྱ་གཞག་ཆེན་པོར་དབང་བ་ཞིག་ཡིན་ན་དེ་ནི་འཇོན་ཐང་ཅན་ཞིག་ངེས་པར་ཡིན་ཏེ། ཕལ་བས་མི་ནུས་པའི་ཕྱིར་དང་། ཡང་ཁོ་རང་དབུལ་བས་གཞུངས་བཟང་བ་དང་འདོད་པ་ཆུང་བ་མཚོན་པས། རང་གི་བུ་ཚ་ཡང་དེ་འདྲ་བ་ལ་བསླབས་ན་གཞུང་དྲང་ཤེས་རྒྱ་ཆེ་ལ་ཐབས་མཁས་ཤིག་འོང་པས་མི་གཞིའི་སློབ་གསོ་ལ་འཇུག་ཚུལ་བསྟན་ཡོད། གསུམ་པ་ནི། ཕུ་ནུའི་མདོར། “དེ་ནས། རུང་ཡྔ་དག་ན། གྲགྶ་པའི་ས་གར་ཆེ་བར་གཞགོ། །”ཞེས་རྒྱུད་ལས་སུ་རུང་ཞིང་། བློ་གྲོས་ཆེར་སྨིན་པ་ན། མཐར་སློབ་སྦྱོང་གི་རིམ་པ་དེ་ཉིད་གཏིང་ཟབ་པ་དང་རྫོགས་པར་མཐར་ཕྱིན་པར་བྱ་བའི་སླད། དགེ་རྒན་གྲགས་པ་དང་ལྡན་པ་སྟེ། ཆེད་ལས་རང་བཞིན་ཅན་དང་། ཉམས་མྱོང་གི་ཚད་མཐོན་པོར་སོན་པ་ལ་བསྟེན་དགོས་པ་བསྟན་ཡོད། དེ་ལྟར་གོ་རིམ་གསལ་ཞིང་རྒྱུ་མཚན་དང་ལྡན་པར་བརྩེ་བའི་སློབ་གསོ་དང་། མི་གཞིའི་སློབ་གསོ། ཆེད་ལས་ཀྱི་སློབ་གསོ་སོགས་རིམ་པ་གསུམ་བརྒྱུད་དགོས་པར་བསྟན་པ་འདི་དེང་གི་སློབ་གསོའི་རྩ་དོན་དང་ཡང་ཤིན་ཏུ་མཐུན་ནོ། །
བཞི་པ། བསླབས་པའི་དགོས་འབྲས་བསྟན་པ།
དེ་ལྟར་བསླབས་པའི་འབྲས་བུ་ནི་གང་འདྲ་ཡོད་དམ་ཞེ་ན། ཕུ་ནུའི་མདོར། “དེ་ལྟ་བས་ན། །ངན་པ་ཡང་འབྲིང་པོར་འོང་ན། །འཛསྔ་པ་ལྟ་སྨོས་གྱ་ཆི་དགོས། །”ཞེས་དང་། “སྙིང་རྒྱུ་ཁོང་ན་ཡོད་གྱང་། མ་བསྟན་མ་བསླབས། །ཆིང་མ་སྦྱང་སྣ། འཛངས་པ་ལྟ་འབྲིང་པོར་འོང་ན། །ངན་པ་ལྟ་སྨོས་གྱང་ཆི་དགོས། །”ཞེས་བསླབ་བྱའི་གནས་ལ་བསླབས་པའི་ཕན་ཡོན་ནི། བྱིས་པ་གང་ཞིག་ལྷན་སྐྱེས་ཀྱིས་བློ་རྣོ་ཞིང་མཁས་པ་མིན་ཡང་། བསླབས་ཤིང་སྦྱངས་པས་ཅི་ལ་ཡང་མཁས་ཤིང་མཛངས་པར་ཡོང་བ་དང་། ཡང་འགའ་རེ་དང་པོ་ནས་བློ་གསལ་བ་ཞིག་ཏུ་འདུག་ན་ཡང་། གང་ཅི་ཡང་མ་བསླབས་ན་ན་སྨིན་པ་ལས་བློ་མ་སྨིན་པར་ལུས་ཏེ། བླུན་པོ་བྱ་བྱེད་ཅི་ལ་ཡང་རྨོངས་པ་ཉིད་དུ་འགྱུར་བའི་གནས་དང་གནས་མ་ཡིན་པའི་ལུགས་ཞིབ་ཏུ་བསྟན་ཡོད།
མདོར་ན། བྱིས་པ་དག་ཆུང་དུས་ནས་སློབ་གསོའི་ལམ་དུ་ཇི་ལྟར་འཇུག་ཚུལ་དང་། བཅུག་ནས་གང་ལ་བསླབ་ཚུལ། ཐབས་ཅི་ཞིག་བཀོལ་ཚུལ། བཤེས་གཉེན་གང་འདྲ་བསྟེན་ཚུལ། མཐར་འབྲས་ཇི་ལྟ་བུ་ཞིག་ཏུ་འགྱུར་ཚུལ་སོགས་རིམ་པ་གསལ་ཞིང་རྒྱུ་མཚན་དང་བཅས་ཏེ་བཀོད་ཡོད་པས། སྐབས་དེར་བོད་མི་བྱིངས་ཀྱི་སློབ་གསོའི་རིན་ཐང་གི་ལྟ་བ་ཅི་འདྲ་ཞིག་ཡིན་པ་རྟོགས་ཐུབ་བོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号