༄༅། །སྐར་མ་སྨེ་བདུན་དང་དུས་བཞིའི་འཁོར་འགྲོས།

རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-16 11:03:37 ཀློག་གྲངས།:
       ཆིན་རྒྱལ་རབས་སྔོན་གྱི་དུས(先秦)ཏེ་ཁྲུན་ཆིའུ་ཀྲན་གོ་དུས་རབས(སྤྱི་སྔོན༧༧༠ནས་སྤྱི་སྔོན༢༢༡)སྐབས་ཀྱི་རྒྱ་ནག་གི་ཏའོ་ལུགས་སུ་གྲགས་པའི་ཆོས་ལུགས་ཀྱི་བྱེ་བྲག“ཧྭང་ལའོ་ཏའོ་ལུགས་པ”(黄老道家)ཟེར་བའི་གཙུག་ལག་བསྟན་བཅོས་ཤིག་སྟེ«ཧེ་བཀྭན་ཙིའི་ཁྱུད་འཁོར་ལེའུ»(《鹖冠子·环流篇》)ཞེས་བྱ་བར། “斗柄东指,天下皆春;斗柄南指,天下皆夏;斗柄西指,天下皆秋;斗柄北指,天下皆冬。”ཞེས་འཁོད་འདུག་ལ། དེའི་དོན་ནི།
       སྨེ་བདུན་ཡུ་བས་ཤར་བསྟན་ཚེ།།
       གནམ་འོག་ཀུན་ཏུ་དཔྱིད་ཀ་སྟེ།།
       སྨེ་བདུན་ཡུ་བས་ལྷོ་བསྟན་ཚེ།།
       གནམ་འོག་ཀུན་ཏུ་དབྱར་ཁ་འོ།། 
       སྨེ་བདུན་ཡུ་བས་ནུབ་བསྟན་ཚེ།།
       གནམ་འོག་ཀུན་ཏུ་སྟོན་ཀ་སྟེ།།
       སྨེ་བདུན་ཡུ་བས་བྱང་བསྟན་ཚེ།།
       གནམ་འོག་ཀུན་ཏུ་དགུན་ཁ་འོ།།ཞེས་པ་སྟེ། སྒང་བ་བོད་པ་ཚོས་བྱང་མི་འགྱུར་སྐར་མ་བརྟན་པའམ། ཡང་ན་སྐར་མ་ཨ་བརྟན་དང་སྐར་མ་གསེར་ཕུར་ཞེས་ཀྱང་ཟེར་བ་དེའི་ཉེ་འཁོར་གྱི་ཐོམ་བུའམ་ཕུར་བའི་དབྱིབས་སུ་སྣང་བའི་སྐར་མ་སྨེ་བདུན་ཏེ་མཁས་དབང་འཇུ་མི་ཕམ་གྱི་གསུང«སྐར་མ་སྨེ་བདུན་གསོལ་མཆོད»དུ། ཧཱུྃ། ཉི་ཟླ་སྐར་མའི་ཚོགས་ཀྱིས་ལེགས་མཆོད་ཅིང་། །སྐྱེ་རྒུའི་མགོན་མཛད་སྨེ་བདུན་གཞལ་མེད་ཁང་། །དེར་གནས་དྲང་སྲོང་ཆེན་པོ་རྣམ་པ་བདུན། །གསོལ་ལོ་མཆོད་དོ་ལྷ་དང་དཔལ་མཛོད་ཅིག །ཅེས་འབྱུང་ཞིང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང«རྟོག་གེ་འབར་བར»། དབང་བོ། གསལ་བ། སྡེ་ཅན། བདེ་ལྡན། གསེར་ཅན། ཕྱོགས་ཅན། ཤ་ཀུ་ན་བཅས་ལྷའི་དྲང་སྲོང་ཆེན་པོ་བདུན་གནས་པའི་སྐར་མ་ཡིན་སྐད་དུ་བཤད་པའི་སྐར་ཚོམ་དེའི་ཡུ་བའམ་རྩེ་མོ་གང་དུ་འཁོར་ཕྱོགས་ཀྱིས། ལོ་གཅིག་གི་དཔྱིད་དབྱར་སྟོན་དགུན་དུས་ཚིགས་བཞི་དང་ཟླ་བ་རེ་རེའི་དབུགས་སྒང་གཉིས་ཀྱིས་གྲུབ་པའི་དུས་གཟེར་ཉེར་བཞིའི་ནང་གི་དུས་གཟེར་གང་ཞིག་ལ་ཁེལ་བ་འཁྲུལ་མེད་དུ་སྟོན་པར་བཤད་པས། མཁའ་དབྱིངས་ཀྱི་སྐར་ཚོགས་ལ་རྟོག་དཔྱོད་གནང་བར་དགའ་བ་རྣམས་ལ་འདིར་དེའི་སྐོར་གྱི་དཔེ་རིས་ཁ་ཤས་དང་བཅས་དཔྱད་གཞིར་ཕུལ་པའོ། །
ཡོང་ཁུངས། སྔོ་རྡེའུ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།