མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་མཛད་སྒོ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2026-09-15 08:50:27 ཀློག་གྲངས།:
       ཟླ9པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་ཟི་ལིང་གྲོང་ཁྱེར་གྱིས་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འཁྲབ་སྟོན་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ་སྤེལ།
ཚོགས་ཞུགས་འགོ་ཁྲིད་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་དངོས་སུ་འགོ་ཚུགས་བཞིན་པ།
       བྱེད་སྒོའི་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ«མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས»སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཐེངས45པ་སྤེལ་འགོ་ཚུགས། མཚོ་སྔོན་ཞིང་ཨུད་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་ཁང་བཅས་དང་། དེ་བཞིན་ཟི་ལིང་གྲོང་ཁྱེར་དང་གྲོང་དབུས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ནས། མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་མཚོ་སྔོན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་གསོན་ཉམས་དོད་པའི་རྣམ་པ་མྱོང་རོལ་བྱས།
བྱེད་སྒོའི་ཡུལ་དངོས།
       ད་ཐེངས་ཀྱི་བྱེད་སྒོར“རིག་རྩལ་འགྲེམས་འཁྲབ་དང་གྲུབ་འབྲས་འགྲེམས་སྟོན་ཟུང་དུ་འབྲེལ་བའི”སྐུལ་སྤེལ་གཏོང་སྟངས་གཉིས་སྤྱད་དེ་ལྟད་མོ་དང་། མཉམ་འགུལ། ཚན་རིག་ཁྱབ་གདལ་བཅས་ཀྱི་རང་བཞིན་ལྡན་པར་བྱས་ཡོད།
       ཆེད་དོན་རིག་རྩལ་འཁྲབ་སྟོན་ནང་བསྐལ་བཟང་སེམས་མཐུན་དང་། རྨ་ཆུ་དང་ཙོང་ཆུ་མཉམ་འཚོ། ཁུ་ནུ་སེམས་མཐུན། ཕུགས་གཉེར་མཉམ་སྐྱོད། བསྐལ་བཟང་མཉམ་རོལ་བཅས་ལེ་ཚན་ཆེ་གྲས་ལྔ་བཀོད་སྒྲིག་བྱས་ནས། གླུ་གར་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ། མི་རིགས་མང་པོའི་གླུ་གཞས་མཉམ་གཏོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་མཉམ་དུ་འཁྲབ་ཡོད། ཧོར་རིགས་ཀྱི་ཨན་ཀྲའོ་ཞབས་བྲོ་དང་། བོད་རིགས་ཀྱི་པི་ཝང་། ས་ལར་རིགས་ཀྱི་དམངས་ཁྲོད་གཞས་ཐུང་། སོག་རིགས་ཀྱི་ཕོར་འདེགས་ཞབས་བྲོ་བཅས་རེས་མོས་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་པས་རྒྱ་སྐད་དང་། བོད་སྐད། ས་ལར་གྱི་སྐད་སོགས་སྐད་རིགས་སྣ་ཚོགས་ཀྱི་ཐོག་ནས་གླུ་ལེན་གར་འཁྲབ་བྱས་པ་མ་ཟད། རུ་དབྱིབས་བརྗེ་སྒྱུར་བྱས་པ་བརྒྱུད་སེ་འབྲུའི་མེ་ཏོག་དང་ལྟེ་མཐུན་སྒོར་དབྱིབས་སོགས་ཀྱི་རྣམ་པ་མངོན་ཡོད། མི་སྟོང་གི་སྒོར་གཞས་ལས་གར་སྟེགས་དང་ལྟད་མོ་བའི་དབར་གྱི་བར་ཐག་མེད་པར་བཟོས་ནས་གར་སྟེགས་ཐོག་གི་འཁྲབ་སྟོན་པ་མང་ཚོགས་ཁྲོད་བསྐྱོད་དེ་ཡུལ་དངོས་ཀྱི་གྲོང་མི་ཚོས་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ནས་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་དབར་སྤུན་ཉེ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས་བཅས་ཀྱི་འཚོ་བའི་རྣམ་པ་དངོས་སུ་མཚོན་པར་བྱས་ཡོད།
ཡུལ་དངོས་ཀྱི་ལྟད་མོ་བ་དང་འཁྲབ་སྟོན་པས་མཉམ་དུ«ང་ཡི་ཀྲུང་ཧྭ་ལ་དགའ»ཞེས་པའི་གླུ་གཞས་ལེན་ནས་མཉམ་དུ་ཞབས་བྲོ་འཁྲབ་བཞིན་པ།
       འཁྲབ་སྟོན་མཇུག་འགྲིལ་རྗེས། ཡུལ་དངོས་སུ་ཡོད་པའི་ལྟད་མོ་བ་དང་འཁྲབ་སྟོན་པས་མཉམ་དུ«ང་ཡི་ཀྲུང་ཧྭ་ལ་དགའ»ཞེས་པའི་ཞབས་བྲོ་འཁྲབ་ནས་དབྱར་དུས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་གང་ལེགས་མཚོན་པར་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ནུས་པ་དེ་བས་མཐོ་བ་དང་། ཁྱད་ཆོས་དེ་བས་ལྡན་པ། གསོན་ཤུགས་དེ་བས་རྒྱས་པ་བཅས་ཀྱི་ནུབ་བྱང་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གལ་ཆེན་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་རེད།
       བྱེད་སྒོ་མ་སྤེལ་གོང་། མཚོ་སྔོན་ཞིང་ཨུད་དང་ཟི་ལིང་གྲོང་ཨུད་ཀྱི་འགོ་ཁྲིད་ཀྱིས་བྱེད་སྒོའི་ཡུལ་དངོས་ཀྱི་མང་ཚོགས་དང་མཉམ་དུ་ཕྱོགས་བསྡུས་འགྲེམས་སྟོན་ཁུལ་དུ་ལྟ་སྐོར་བྱས་ཤིང་། གྲོང་ཁྱེར་རིམ་པའི“བརྟན་གཏོང་བཅུ་ཁྱབ་གདལ”གྱི་སྣེ་ཁྲིད་ཚན་པ15ཡིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་འགྲེམས་སྟེགས་བཙུགས་ཏེ། འགྲོ་འོང་བྱེད་མཁན་གྲོང་མིར་ཕྱོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་རྩ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་དང་ཆབས་ཅིག ཆེད་ལས་ཁྲིམས་རྩོད་པ་བཅའ་སྡོད་བྱ་ཡུལ་དུ་གདན་དྲངས་ཏེ་ཡུལ་དངོས་སུ་བཅའ་ཁྲིམས་བློ་འདྲི་རིན་མེད་ངང་མཁོ་འདོན་བྱས་ཡོད། རྫོང་དང་ཆུས7གྱིས་མཉམ་ཕྱུག་བཟོ་ཁང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བསམ་བཀོད་ཐོན་རྫས། དམངས་སྲོལ་ལག་ཤེས་ཐོན་རྫས་སོགས་གསར་གཏོད་ལས་དོན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། ཟི་ལིང་མཉམ་ཕྱུག་བཟོ་ཁང་ཚད་ལྡན་ཅན་གྱི་གཉེར་སྐྱོང་དང་། ཕན་ཚུན་སྦྲེལ་མཐུད་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྱོང་། “5+N”ལས་ཀའི་མ་ལག་དོན་འཁྱོལ་སོགས་གཞི་རིམ་ལས་དོན་གྱི་ལག་ལེན་ལས་གྲོང་ཁྱེར་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་གྲོང་ཁྱེར་བཏོད་པར་ཐོབ་པའི་ཕན་འབྲས་དངོས་ཕྱོགས་མང་པོ་ནས་མངོན་ཡོད།
བྱེད་སྒོའི་ཡུལ་དངོས།
       ད་ཐེངས་ཀྱི་བྱེད་སྒོ་དེ་ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་རིམ་གསུམ་མཉམ་འགུལ་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་ཞིང་ཆེན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད། དྲིལ་བསྒྲགས་ཟླ་བའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། འཛུགས་གཏོད་ལས་སྒོའི་ཆེད་དོན་གསོ་སྦྱོང་། ཕན་ཚུན་ལྟ་བ་དང་དཔྱད་གཞིར་འཛིན་པ། སློབ་སྦྱོང་སྤེལ་རེས། སྔོན་ཐོན་དཔེ་མཚོན་བཙལ་འཚོལ་དྲིལ་བསྒྲགས། མཉམ་འདྲེས་སྨྱན་སྦྱོར་སྐུལ་གཏོང་། མང་ཚོགས་རང་བཞིན་གྱི་རིག་རྩལ་ལག་ལེན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྒྲིག་འཛུགས་ཀྱིས་སྤེལ་ནས། མངོན་ཡོད་ཐོག་སེམས་ནུས་འདོན་པ་དང་། ཚོར་ཡོད་ཐོག་བརྩེ་སེམས་འདོན་པ། ནུས་ལྡན་ཐོག་ཤུགས་རྒྱག་པ་བཅས་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་སློབ་གསོ་གཞི་རིམ་དུ་སྣུར་སྲིང་དང་མང་ཚོགས་དང་ཉེ་བཅར་ཐུབ་རྒྱུར་སྐུལ་སྤེལ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང“མཉམ་མྱོང་བཞི”བརྟན་པོར་འཛུགས་པའི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཧུར་ཐག་གཏོད་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་རེད།
       ད་ཐེངས་ཀྱི་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་གྲོང་དབུས་ཁུལ་གྱིས་གཉེར་འགན་འཁུར་བ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།