སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་བདུན་པ་བསྡུ་རྒྱུའི་བརྡ་སྦྱོར།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2026-06-05 07:00:06 ཀློག་གྲངས།:
       རྒྱ་ཆེ་བའི་གྲོགས་པོ་ལྷན་རྒྱས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཏེ། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་གྱི་ཉིང་བཅུད་གཏམ་དཔེ་ཡིས། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་གྱི་སྒོ་ཀུན་ལ་ཐོན་པའི་དགེ་མཚན་སྔོག་འདོན་དང་། བོད་འབྲེལ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོབ། རྒན་བཀུར་ཆུང་བྱམས། རུ་སྡེ་འཆམ་མཐུན། གྲོང་གསེབ་དར་སྤེལ་བཅས་ཀྱི་ཐད་དུ་མུ་མཐུད་ནས་དྲིལ་སྒྲོག་ཡར་སྐུལ་གྱི་ནུས་པ་བླ་ལྷག་གདོན་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྩེ་ཁོག་རྫོང་ཏང་ཨུ། རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། རྩེ་ཁོག་རྫོང་རིག་གནས་ཁང་བཅས་ཀྱིས་འགན་སྒྲུབ་དང་། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་སིས་རོགས་སྒྲུབ་བཅས་བྱས་ཏེ། སྤྱི་ཟླ6པའི་ཚེས23ཉིན་ནས་སྤྱི་ཟླ7པའི་ཚེས1ཉིན་གྱི་བར་དུ་རྩེ་གཞུང་སྨན་ལྗོངས་ཕྱུག་མོ། སྲིད་པ་གཏམ་གྱི་ཕ་ས་རུ་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་བདུན་པ་བསྡུ་རྒྱུའི་བརྡ་སྦྱོར་འདི་ཆེད་དུ་སྤེལ་བ་ཡིན།
དང་པོ། འགྲན་ཞུགས་ས་ཁོངས་དང་མི་གྲངས། འགྲན་སྡུར་གྱི་རིགས་དབྱེའི་སྐོར།
       ད་ལོའི་གཏམ་དཔེ་འགྲན་སྡུར་ལའང་སྔར་བཞིན་དུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། དེ་མིན་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཅས་འགྲན་ཁུལ་བདུན་ནས་འཐུས་ཚབ་གཏམ་བཤད་པ་བཅུ་རེ་བསྡུ་འཆར་ཡོད་པར་མ་ཟད། ད་ལོའང་སྔར་བཞིན་གོང་གསལ་གྱི་འགྲན་ཁུལ་རེ་རེ་ནས་སྐྱེས་མ་ལྔ་རེ་བདམས་ནས། སྐྱེས་མའི་བཤད་པ་ཅི་རིགས་ཀྱི་འགྲན་སྡུར་ཏེ་སྐྱེས་མའི་ཚན་སྐོར་དང་། གཞན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་ཀྱང་ན་ཆུང་བྱིས་པ་སུམ་ཅུ་ལྷག་བདམས་ཏེ། ན་ཆུང་བྱིས་པའི་གཏམ་དཔེ་འགྲན་སྡུར་གྱི་ཚན་སྐོར་བཅས་ཁྱོན་ཚན་སྐོར་མི་འདྲ་བ་གསུམ་དུ་བྱས་ཡོད།
གཉིས་པ། འགྲན་ཞུགས་པར་བཏོན་པའི་བླང་བྱ།
       གཅིག འགྲན་ཁུལ་བདུན་ནས་འོས་སྦྱོར་དང་བདམས་ཐོན་བྱུང་བའི་གཏམ་བཤད་པ་དག་གིས་རང་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་མིང་ཐོ་བཀོད་དེ་འགྲན་སྡུར་ལ་ཞུགས་རྒྱུ་ལས། རྩ་འཛུགས་ཀྱི་བཀོད་སྒྲིག་བརྩི་སྲུང་མི་བྱེད་པར་སྒེར་ངོས་ནས་འགྲན་སྡུར་ལ་ཞུགས་མི་ཆོག
       གཉིས། འགྲན་ཞུགས་པ་ཚོའི་གཏམ་བཤད་ཀྱི་ནང་དོན་སྲིད་ཇུས་ཀྱི་གླེང་ཕྱོགས་དང་དུས་རབས་ཀྱི་འགྲོས་ལ་མཐུན་དགོས་ཁར། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། ཡུལ་སྲོལ་གོམས་གཤིས། རུ་སྡེའི་འཆམ་མཐུན། ཁྱིམ་ཚང་འགྲིག་མཐུན། ཟས་ནོར་སྤྱོད་ཤེས། ཕ་ས་ཕ་ཡུལ་གྱི་དགེ་མཚན་སོགས་དྲང་ཕྱོགས་ཀྱི་གླེང་གཞི་གཙོ་བོར་བཟུང་སྟེ་གྲ་སྒྲིག་གང་ལེགས་བྱེད་དགོས།
       གསུམ། སྐྱེས་མ་གཏམ་བཤད་པ་ཚོས་ཡིད་འཇོག་བྱེད་དགོས་པ་ནི། སྲོལ་རྒྱུན་གཉེན་སྟོན་གྱི་བཤད་པ་ཅི་རིགས་གཙོར་བཟུང་ནས་རི་ཆུ་ལ་བསྟོད་པ་དང་འཚོ་བ་ལ་བསྟོད་པ། མི་རིགས་ཀྱི་རྒྱན་གོས་དང་ཡུལ་སྲོལ་བཟང་པོ་ལ་བསྟོད་པ། འཆམ་མཐུན་ལ་བསྟོད་པ། ཕ་མའི་བཀའ་དྲིན་ལ་བསྟོད་པ། དུས་ཆེན་སྣ་ཚོགས་ལ་བསྟོད་པ་སོགས་གནའ་དེང་ཟུང་འབྲེལ་གྱི་བཤད་པའི་རིགས་གྲ་སྒྲིག་གང་ལེགས་སྒོས་འགྲན་སྡུར་ལ་ཞུགས་དགོས།
གསུམ་པ། འགྲན་སྡུར་ལ་ཞུགས་སྐབས་ཀྱི་མཉམ་འཇོག་བྱ་ཡུལ།
       འགྲན་ཞུགས་པའི་འགྲུལ་བཞུད་ལ་ས་གནས་སོ་སོའི་རྩ་འཛུགས་སྡེ་ཁག་གི་སྣེ་ཁྲིད་པས་གཅིག་གྱུར་སྒོས་བཀོད་འདོམས་བྱེད་དགོས་པ་དང་། འགྲན་སྡུར་སྐབས་ཀྱི་འགྲན་ཞུགས་པའི་བདེ་འཇགས་ཀྱང་འགྲན་ཁུལ་སོ་སོའི་སྣེ་ཁྲིད་པས་འགན་དུ་འཁུར་དགོས། གཏམ་བཤད་པ་ཚོས་འགྲན་སྡུར་སྐབས་སུ་སྐད་ཆའི་སྒྱུ་རྩལ་ལ་བདེན་དགེ་མཛེས་གསུམ་གྱིས་ཕྱུག་རྒྱུར་འབད་བརྩོན་ཅི་ནུས་བྱེད་དགོས་པ་ལས། འཛེམ་བྱའི་འཆལ་གཏམ་གྱི་རིགས་རྩ་བ་ནས་སྤང་དགོས། གལ་ཏེ་གནས་ཚུལ་དེའི་རིགས་བྱུང་ཚེ་མཇུག་འབྲས་ལ་རྩ་འཛུགས་ལས་ཁུངས་ཀྱི་སྣེ་ཁྲིད་པ་དང་གཏམ་བཤད་པ་རང་ཉིད་ཀྱིས་འགན་འཁུར་དགོས། གཏམ་བཤད་པ་ཚང་མས་སྔ་མོ་ནས་གཏམ་དཔེ་སྐྱོར་སྦྱོང་བྱས་ཏེ་བློ་ཐོག་ལྕེ་ཐོག་ལ་བྱང་ཆུབ་པར་བྱས་ནས་གཏམ་བཤད་འགྲན་སྡུར་ལ་ཞུགས་རྒྱུ་ལས། གྲ་སྒྲིག་ཅི་ཡང་མེད་པར་ཞུགས་ཏེ་གཏམ་དཔེ་འགྲན་སྡུར་གྱི་ཐད་གཏོང་སྤུས་ཀར་ཤན་ཤུགས་བཟོས་ཚེ། འགྲན་ཞུགས་པ་གང་དེའི་འགྲན་ཞུགས་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པས། གོང་གསལ་གྱི་བླང་བྱ་མཐའ་དག་ལ་ངེས་པར་དུ་གཟབ་གཟབ་གནང་རོགས་ཞུ།
འབྲེལ་གཏུག་བྱ་ཡུལ།
       སྙིང་དཀར་ཐར། 15309745515
       ཚེ་དབང་རྒྱལ། 19909789091

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ནས།
སྤྱི་ལོ
2026ལོའི་ཟླ6པའི་ཚེས4ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།