“མི་རབས་གསུམ”གྱི་འབད་པ་ལ“མཚོ་སྔོན་གྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་གཟེངས་རྟགས་ཨང་དང་པོ”ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2021-11-17 08:49:06 ཀློག་གྲངས།:
        “རྒྱ་བོད་སྐད་གཉིས་ཀྱིVRསྐྱེ་དངོས་སློབ་ཁྲིད་སྤྱི་སྟེགས་ཀྱིས་བོད་རིགས་སློབ་མ་ཚོས‘ཐག་ཉེ་ས’ནས་སྐྱེ་དངོས་ཀྱི་ཕྱོགས་གསུམ་གྲུབ་སྟངས་ལ་ལྟ་ཞིབ་བྱ་ཐུབ་སྟེ་ཚོད་ལྟའི་ཁོར་ཡུག་ཆེས་ལེགས་པ་ཞིག་བསྐྲུན་ཡོད་སྟབས། སློབ་མ་ཚོའི་བར་སྟོང་བསམ་གཞིགས་ཀྱི་ནུས་པ་དང་རྩིས་ཚན་བསམ་གཞིགས་ལ་སྦྱོང་བརྡར་ནུས་ལྡན་བྱ་ཐུབ”ཅེས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་འགག་རྩའི་ལག་རྩལ་དང་བེད་སྤྱོད་དཔེ་སྟོན་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་དང་ལས་གཞི་ཡོངས་འགྲུབ་ཀྱི་ཁོངས་མི་གཙོ་བོ་ཚེ་རིང་རྒྱལ་ལགས་ཀྱིས་གསར་འགོད་པར་བཤད།
རང་ཞིང་གི་ཚན་རིག་ལག་རྩལ་ཡར་ཐོན་གཟེངས་རྟགས་ཀྱི་དཔང་ཡིག
        ད་ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2020ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གྲུབ་འབྲས་ལ་གཟེངས་བསྟོད་ཀྱི་གཏན་འབེབས་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སི་གཉིས་ཀྱིས་བསྒྲུབས་ནས་ལེགས་འགྲུབ་བྱུང་བའི“བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་དང་བེད་སྤྱོད་དཔེ་སྟོན”ཞེས་པའི་ལས་གཞི་ལ་རང་ཞིང་གི་ཚན་རིག་ལག་རྩལ་ཡར་ཐོན་གྱི་གཟེངས་རྟགས་ཨང་དང་པོ་ཐོབ་ཡོད་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་སྐབས་ནས་བཟུང་། བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་དང་བེད་སྤྱོད་ཀྱི་ཚོད་ལྟ་ཁང་གི་ཚན་ཞིབ་ཚོགས་པ་ཡིས་རྒྱལ་ནང་དུ་ཐེངས་དང་པོར་བོད་ཡིག་གི་ཡིག་གཟུགས་ཐག་གཅོད་བྱེད་པ་རྨང་གཞི་བྱས་ཏེ་བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་རྨང་གཞིའི་གཞུང་ལུགས་དང་བེད་སྤྱོད་ལག་རྩལ་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་། 1994ལོར།  རྒྱལ་ཁབ་ཀྱི“863”འཆར་གཞི་ལ་བརྟེན་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ“བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་དང་འཕྲུལ་ཆས་ཡིག་སྒྱུར”ཞེས་པའི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་བཙུགས་ཤིང་། 2012ལོ་དང2014ལོ་གཉིས་ལ། ཞིབ་འཇུག་ཚོགས་པར་སློབ་གསོ་པུའུ་ཡི“འབྲི་ཆུའི་མཁས་དབང་དང་གསར་གཏོད་ཚོགས་པ”ཞེས་པའི་འཕེལ་རྒྱས་འཆར་གཞིའི་རྒྱབ་སྐྱོར་ཐོབ་པ་དང་། 2013ལོར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་འཛུགས་པའི་ཆོག་མཆན་ཐོབ། ལོ་ངོ20ལྷག་གི་རིང་ལ་འཕེལ་རྒྱས་བྱུང་བ་བརྒྱུད།  རྩིས་འཕྲུལ་སྐད་བརྡ་རིག་པ་དང་འཕྲུལ་ཆས་ཡིག་སྒྱུར། བོད་ཡིག་ཆ་འཕྲིན་ཐག་གཅོད་ལག་རྩལ། རྙོག་འཛིང་ཆེ་བའི་དྲ་རྒྱ་དང་བོད་ཡིག་ཆ་འཕྲིན་བདེ་འཇགས་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཞིབ་འཇུག་ཁ་ཕྱོགས་ཤིག་གྲུབ་ཡོད།
        “ང་ཚོས་གནས་སྤོ་མཐའ་སྣེ་དང་མཉམ་སྦྲེལ་དྲ། གློག་བརྙན། རྒྱང་སྒྲོག་སོགས་ཀྱི་སྨྱན་བྱད་བརྒྱུད་ནས་ཞིང་ཕྱུགས་ལས་སྐོར་གྱི་བོད་རྒྱ་སྐད་གཉིས་ཆ་འཕྲིན་ཕྱོགས་བསྡུས་དང་གསར་སྤེལ།ཡིག་སྒྱུར། སྡེབ་སྒྲིག་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་སྤེལ་བྱས་ཡོད་ལ། ལྷག་པར་དུ། 2019ལོ་ནས་བཟུང་། སྲིད་ཇུས་ཁྲིམས་སྲོལ་དང་འདེབས་འཛུགས་གསོ་ཚགས་ལག་རྩལ། གནོད་འཚེའི་ཉེན་བརྡ། ངལ་རྩོལ་ལས་ཞུགས། རིམས་ནད་འགོག་ཟོན་སོགས་བོད་ཡིག་གི་ཚན་རྩལ་ཆ་འཕྲིན་ཁྲི4.2ཙམ་སྤེལ་ཏེ་མི་ཐེངས་ཁྲི414ལྷག་ལ་ཞབས་ཕྱི་བསྒྲུབས་ནས་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཁེབས་ཚད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད”ཅེས་ཚེ་རིང་རྒྱལ་ལགས་ཀྱིས་གསལ་བཤད་བྱས།
ཚན་ཞིབ་ཚོགས་པའི་མི་སྣ་དང་ཆེད་མཁས་པས་མཉམ་དུ་གྲོས་བསྡུར་བྱེད་པ།
        བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་དང་བེད་སྤྱོད་དཔེ་སྟོན་གྱི་ལས་གཞི་འདི་ནི་རང་རྒྱལ་གྱི་བོད་རིགས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་ཐོན་ཁུངས་ཆ་རྐྱེན་ཞན་པའི་སྐབས་ཀྱི་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་གྱི་སྤུས་ཚད་མི་ལེགས་པ་དང་བོད་རྒྱ་སྐད་གཉིས་ཀྱི་གཞི་གྲངས་ཐོན་ཁུངས་དཀོན་པ། བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཚད་གཞི་འཐུས་ཚང་མིན་པ། སྤྱི་ཚོགས་ཞབས་ཕྱིའི་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ཡོད་པ་ནས་མགོ་ཚུགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་གཞི་གྲངས་ཐོན་ཁུངས་འཛུགས་སྐྲུན་དང་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ།འབྲེལ་ཡོད་རྒྱལ་ཁབ་ཚད་གཞི་གཏན་འབེབས་སོགས་ཀྱི་ནང་དོན་ལ་གཙོ་གནད་ཞིབ་འཇུག་བྱས་ནས་བོད་ཡིག་སྒྲིག་ཨང་ངོས་འཛིན་དང་བརྗེ་བསྒྱུར། བོད་ཡིག་གི་མིང་ཚིག་དབྱེ་འབྱེད་དང་མཆན་འགོད། བོད་རྒྱའི་མིང་ཚིག་མཉམ་སྒྲིག བོད་ཡིག་གི་ཚིག་མཐའ་ངོས་འཛིན། བོད་རྒྱའི་ཚིག་ཚོགས་མཉམ་སྒྲིག བོད་སྐད་ལ་ལས་སྣོན་གཏིང་ཟབ་བྱེད་པ་སོགས་བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་ལག་རྩལ་གནད་དོན་ཐག་གཅོད་བྱས་པར་མ་ཟད། ད་དུང་ཡི་གེ་དང་མིང་། ཚིག་ཕྲེང་ཐག་གཅོད་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གསར་བ5གཏན་འབེབས་བྱས་ཡོད།
        “བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་དང་བེད་སྤྱོད་དཔེ་སྟོན་གྱི་ལས་གཞི་འདི་ནི་ངའི་དགེ་རྒན་རིམ་པ་ནས་སྒྲུབ་མགོ་ཚུགས་པ་དང་། ངའི་རབས་འདི་ནས་རྒྱུན་འཛིན་དང་གསར་སྤེལ་རྒྱུན་འཁྱོངས་བྱས་པ། ངའི་སློབ་མའི་རིམ་པ་ཡིས་མུ་མཐུད་དུ་རྒྱུན་འཛིན་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པ་ཞིག་ཡིན།” ཚེ་རིང་རྒྱལ་ལགས་ཀྱིས“ལས་གཞི་འདི་ཡིས་བོད་ཡིག་སྒྲིག་ཨང་ངོས་འཛིན་དང་བརྗེ་བསྒྱུར་སོགས་ཀྱི་ལག་རྩལ་གནད་དོན་ཐག་གཅོད་བྱས་ཡོད་པར་མ་ཟད། ད་དུང་སྐད་བརྡ་རྐྱང་བའི་དཔེ་དབྱིབས་ཀྱི་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་བྱེད་ཐབས་དང་བསྐྱར་ཚབ་རྣམ་པའི་སླར་བསྒྱུར་ཐབས་ལམ་གྱི་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་བྱེད་ཐབས་གཉིས་མཉམ་བསྲེས་བྱེད་ཚུལ་བཏོན་ཏེ་བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་ཡིག་སྒྱུར་སྤུས་ཚད་ཇེ་ལེགས་སུ་བཏང་ཡོད”ཅེས་བཤད།
ཞིབ་འཇུག་གསར་སྤེལ་གྱི་ལས་ལ་ཞུགས་པ།
        མཚམས་སྦྱོར་བྱས་པར་གཞིགས་ན། བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་དང་བེད་སྤྱོད་དཔེ་སྟོན་གྱི་ལས་གཞི་ཁྲོད་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱ་བོད་སྐད་གཉིས་དྲ་ཐོག་འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་ཐོན་རྫས་ནི་རང་ཞིང་གི་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་། རང་སྐྱོང་ཁུལ(རྒྱ་བོད)སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཁྲིམས་ཁང་ཁོངས་གཏོགས་སོགས་ཀྱི་ལས་ཁུངས་སུ་རྒྱ་ཁྱབ་ངང་སྤྱོད་པར་མ་ཟད། ད་དུང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོས་ཀྱང་སྤྱོད་བཞིན་ཡོད་པ་རེད།
        ལས་གཞི་འདི་སྒྲུབ་པའི་ཁྲོད་དུ། ཚན་ཞིབ་ཚོགས་པ་ཡིས་ཚན་རྩལ་གྲུབ་འབྲས་ཆེན་པོ7བླངས་ཡོད་ལ། དེའི་ནང་གི་གྲུབ་འབྲས་གཅིག་ནི་རྒྱལ་སྤྱིའི་སྔོན་ཐོན་ཡིན་པར་གདེང་འཇོག་བྱས་ཡོད། གཞན་རྒྱལ་ཁབ་ཀྱི་ཚད་གཞི3གསར་བཟོ་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་ཁེ་དབང2ཐོབ་པ། མཉེན་ཆས་གསར་རྩོམ་གྱི་དབང་ཆ24སོགས་ཡོད། 2011ལོ་ནས་བཟུང་། ཚོད་ལྟ་ཁང་འདི་ཡིས་ཁྱོན་བསྡོམས་འབུམ་རམས་པའི་ཞིབ་འཇུག་སློབ་མ10དང་ཤེས་རམས་པའི་ཞིབ་འཇུག་སློབ་མ58 མཚོ་སྔོན་ཞིང་ཆེན་གྱི་འཇོན་མི་རྩེ་གྲའི“མི་སྟོང་འཆར་གཞི”ནང་གི་མི3བཅས་གསོ་སྐྱོང་བྱས་ཡོད།
        བོད་རྒྱ(རྒྱ་བོད)འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་དང་བེད་སྤྱོད་ཀྱིས་གཞི་རིམ་ལས་བྱེད་ཚོས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་བྱེད་པ་ལ་རམ་འདེགས་བྱས་ཡོད་པར་མ་ཟད། ད་དུང་མི་རིགས་ཁག་གི་བར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཟང་པོ་དང་གནད་སྨིན་དབུལ་སྐྱོར་ལ་རོགས་འདེགས་ལེགས་པོ་བྱས་ཡོད་པས། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ལྡན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།