མཚོ་སྔོན་ནས་གནའ་བོའི་མཆོད་སྟེགས་ཤིག་གསར་དུ་རྙེད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2021-10-11 17:41:22
ཀློག་གྲངས།:
ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་མཁས་པས་གནའ་རྫས་སྔོག་འདོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཤང་དུ་གནའ་བོའི་མཆོད་སྟེགས་ཤིག་གསར་རྙེད་བྱུང་བ་དང་། མིག་སྔར་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་མུས་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་གསར་དུ་རྙེད་པའི་ཐང་གཞིས་སྐེ་གནའ་བོའི་མཆོད་སྟེགས་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཤང་ཁ་སྒང་གྲོང་ཚོའི་ལྷོ་ནུབ་ཏུ་ཡོད་ཅིང་། བྱང་ངོས་གཞུང་ལམ་དང་བར་ཐག་སྤྱི་ལེ་གཅིག་ཡོད་པ་དང་། ཤར་ངོས་དང་ནུབ་ངོས། ལྷོ་ངོས་བཅས་པ་ཚང་མ་གྲོག་རོང་ཡིན་ལ། ནུབ་ངོས་ནས་ཐང་གཞིས་སྐེ་རྡོ་ཆས་འཛུགས་སྐྲུན་གནའ་ཤུལ་མཐོང་ཐུབ། གནའ་ཤུལ་འདི་རྒྱལ་ཡོངས་ཀྱི་སོར་འཇོག་རིག་དངོས་རྩད་ཞིབ་ཐེངས་གསུམ་པའི་ཁྲོད་གསར་རྙེད་བྱུང་བ་ཡིན་ཞིང་། གནའ་བོའི་བང་སོ་རུ་ཐོ་འགོད་བྱས་ཡོད། སྤྱི་ལོ་2020ལོའི་ཟླ་7པར། མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་སོགས་ལས་ཁུངས་མང་པོས་ཡང་བསྐྱར་གནའ་ཤུལ་དེར་རྟོག་ཞིབ་བྱས་པ་བརྒྱུད། ས་ངོས་སྒོར་དབྱིབས་ཡིན་པ་དང་མཐོ་ཚད་ལ་སྨི་1.6དང་ཚངས་ཐིག་ལ་ཧ་ལམ་སྨི་20ཡོད། ས་ངོས་སུ་སྔོག་བརྐུ་བྱས་པའི་ས་དོང་4ཡོད་ཅིང་། ཉེ་འགྲམ་དུ་རྡོ་ཆས་མང་པོ་འཐོར་ཡོད། གནའ་ཤུལ་དེའི་གྲུབ་ཚུལ་དང་རིག་གནས་ནང་དོན་སྔར་ལས་ཤེས་རྟོགས་བྱ་ཆེད། མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གིས་ཧོ་པེ་དགེ་འོས་སློབ་ཆེན་དང་མཉམ་དུ་གནའ་ཤུལ་དེར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད།
གནའ་རྫས་རྟོག་ཞིབ་མི་སྣས་གསར་འགོད་པར། མིག་སྔར་ང་ཚོས་ཐང་གཞིས་སྐེའི་གནའ་ཤུལ་གྱི་སྔོག་འདོན་ལས་དོན་ལེགས་འགྲུབ་བྱས་ཟིན་ཅིང་། གཞི་རྩའི་ཆ་ནས་གནའ་ཤུལ་གྱི་རྣམ་པ་དང་གྲུབ་ཚུལ་ཤེས་རྟོགས་བྱུང་བ་དང་། འདི་ལས་ལྕགས་ཆས་དང་ཟངས་ཆས། མིའི་མགོ་རུས། སྲོག་ཆགས་ཀྱི་མགོ་རུས་མི་ཉུང་བ་ཞིག་རྙེད་ཁར། དེའི་ཁྲོད་སྲོག་ཆགས་ཀྱི་མགོ་རུས་ཁ་ཤས་སྟེང་ཡི་གེ་དང་རི་མོ་ཡོད་པ་མཐོང་བྱུང་། གནའ་ཤུལ་གྱི་གྲུབ་ཚུལ་དང་ས་ངོས་སུ་ཐོན་པའི་གནའ་རྫས་ལ་གཞིགས་ཚེ། མཆོད་འབུལ་དང་འབྲེལ་བ་ཡོད་པ་ལས་བང་སོ་མིན་པ་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐང་གཞིས་སྐེ་གནའ་བོའི་མཆོད་སྟེགས་འདི་ནི་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དུ་ཐོག་མར་རྙེད་པའི་གཞི་རྒྱ་ཆེ་བའི་ལོ་རྒྱུས་དུས་སྐབས་ཀྱི་གནའ་བོའི་མཆོད་སྟེགས་ཤིག་ཡིན་པ་དང་། གསར་རྙེད་བྱུང་བ་འདི་ལས་མཚོ་སྔོན་ཙམ་མ་ཟད་མདོ་དབུས་མཐོ་སྒང་ཡོངས་ཀྱི་གནའ་བོའི་མཆོད་འབུལ་ཆོ་ག་འཚོལ་ཞིབ་བྱ་རྒྱུར་གནའ་རྫས་རྟོག་ཞིབ་ཀྱི་བདེན་དཔང་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་རེད།
མ་འོངས་པར་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གིས་གནའ་ཤུལ་གཉེར་སྐྱོང་གི་གོ་རིམ་སྔར་ལས་གསལ་པོ་བཟོ་བ་དང་ཆེད་ལས་མང་པོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཤུལ་བཞག་དེའི་རིག་གནས་མཚོན་དོན་དང་རིག་གནས་རིན་ཐང་མུ་མཐུད་དུ་སྔོག་འདོན་བྱ་རྒྱུ་ཡིན་པ་རེད།




འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།