2021ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།
རྩོམ་པ་པོ།:མི་རྒོད།
ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2021-10-08 09:27:45
ཀློག་གྲངས།:

2021ལོའི་ཟླ10བའི་ཚེས7ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2021ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཐན་ཙན་ནི་ཡ་ཡིན་པའི་ལོ་ན70ཟིན་པའི་སྒྲུང་གཏམ་རྩོམ་པ་པོ་ཨབ་དྷུལ་རཱ་ཟག•གྷུར་ནཱ (Abdulrazak Gurnah ) ལགས་ལ་སྤྲད་དེ་ཁོང་གི་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་འཛམ་གླིང་ཡོངས་ལ་བསྒྲགས། ཨབ་དྷུལ་རཱ་ཟག•གྷུར་ནཱ་ལགས་ཀྱིས་དབྱིན་སྐད་ཀྱི་ལམ་ནས་གསར་རྩོམ་མཛད་ཀྱིན་ཡོད་ལ་ཁོ་པ་དབྱིན་ཇིར་རྒྱུན་སྡོད་བྱས་ཡོད།

སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ཨབ་དྷུལ་རཱ་ཟག•གྷུར་ནཱ་ལགས་ལ“ཁོང་གིས་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྩོམ་རིག་གསར་རྩོམ་ཐད་སྔ་ན་མེད་པའི་ལག་རྗེས་བཞག་ཡོད་དེ། རིག་གནས་མི་འདྲ་བའི་སྐམ་ས་ཕན་ཚུན་དབར་གྱི་རླབས་རྒྱུན་ནང་ཚུད་པའི་ཉམ་ཐག་བཙན་བྱོལ་པ་དག་གི་ལས་དབང་ལ་གདུང་སེམས་མཉམ་སྐྱེས་ཀྱི་དཔའ་བའི་གདེང་དང་ལྡན་པའི་ངག”ཅེས་པའི་མིང་ཐོག་ནས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་སྤྲད་འདུག ཨབ་དྷུལ་རཱ་ཟག•གྷུར་ནཱ་ནི་ཐན་ཙན་ནི་ཡའི་བརྩམས་སྒྲུང་མཁས་ཅན་ཞིག་ཡིན་ཞིང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ལ《དག་ཞིང》(1994ལོ)དང་།《ས་རྒོད》(2005ལོར)《མཚོ་འགྲམ》(2001ལོར)སོགས་ཡོད་པ་དང་། བྷོའུ་ཁེར་བྱ་དགའི་འདེམས་གྲས་སུ་ཐེངས་མང་ཚུད་མྱོང་།

ཁོ་པ་ད་ལྟ་དབྱིན་ཇིའི་གཙུག་ལག་སློབ་ཆེན་ག་གེ་མོ་རུ་ཞིབ་འཇུག་སློབ་མའི་འཛུབ་སྟོན་སློབ་དཔོན་གྱི་འགན་འཁུར་མུས་སུ་ཡོད། ཁོང་གི་རིག་གཞུང་གི་ལངས་ཕྱོགས་དང་གསར་རྩོམ་གྱི་ཁ་ཕྱོགས་གཙོ་བོ་ནི་མི་སེར་སྤེལ་བའི་རིང་ལུགས་དང་འབྲེལ་ཡོད་ཀྱི་བརྗོད་བྱ་དག་སྟེ། གཙོ་བོ་ཨ་ཧྥེ་རི་ཁ་གླིང་དང་ཅ་བྷི། རྒྱ་གར་སོགས་དང་འབྲེལ་བའི་ནང་དོན་ཡིན་པར་བརྗོད། ཨབ་དྷུལ་རཱ་ཟག•གྷུར་ནཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་སྐོར་ལ་བྲིས་པའི་དཔྱད་རྩོམ་གླེགས་བམ་དེབ་གཉིས་རྩོམ་སྒྲིག་མཛད་ཡོད་པ་དང་། དེང་རབས་མི་སེར་སྤེལ་བའི་རིང་ལུགས་ཕྱི་མའི་རྩོམ་མཁན་མང་པོ་ཞིག་གི་རྩོམ་ཡིག་སྤེལ་ཡོད། 1987ལོ་ནས་བཟུང་ཁོང་གིས་རྣམ་ཀུན Wasafiri དུས་དེབ་ཀྱི་ཆེད་བསྐོས་རྩོམ་སྒྲིག་པའི་ཕྱག་ལས་གནང་གིན་ཡོད། ད་ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་ཁོ་ལ་འཐོབ་པ་གསལ་བསྒྲགས་དུས་སུ་ཁོང་གིས་ཐབ་ཚང་ནང་ན་ཁ་ལག་བཟོ་བཞིན་པར་ཁོ་རང་ཧོན་ཐོར་ལ་ཁད་དུ་བཟོས་སོང་སྐད། གཞན་ཡང་ནོ་བྷེར་ཐེབས་རྩ་ཚོགས་པས་ཁྱབ་བསྒྲགས་བྱས་དོན། ནད་ཡམས་ཀྱི་རྐྱེན་པས་ད་ལོར་སི་ཐོག་ཁོར་མོ་རུ་བྱ་དགའ་ཐོབ་མཁན་དག་ལ་གསོལ་སྟོན་བཤམ་རྒྱུ་མིན་པར། སང་ལོར་ད་གཟོད2022ལོའི་བྱ་དགའ་འཐོབ་མཁན་དང་ལྷན་དུ་རྒྱས་སྟོན་བཤམས་ཏེ་གཟེངས་རྟགས་དང་བྱ་དགའི་ལག་རྟགས་སྤྲོད་རྒྱུ་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།