ཨ་མདོ་རྔ་བ། སའི་གོ་ལའི་སྒལ་ཚིགས་སུ་བཏབ་པའི་རིན་ཆེན་ཕྲ་ཆུང་།
རྩོམ་པ་པོ།:ཡི་གེའི་མཚན་མ།
ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ།
དུས་ཚོད།:2021-08-27 09:19:54
ཀློག་གྲངས།:
ཨ་མདོ་རྔ་བ། སའི་གོ་ལའི་སྒལ་ཚིགས་སུ་བཏབ་པའི་རིན་ཆེན་ཕྲ་ཆུང་།

གྱང་ཁང་གཡུང་དྲུང་བཀོད་ལེགས།
རྔ་བའི་གྱང་ཁང་ནི་སྲ་གཟུགས་སུ་གྲུབ་པའི་རོལ་དབྱངས་ཤིག་ཏུ་སྣང་སྟེ། ལོ་རེའི་དཔྱིད་མགོར། རྔ་བའི་རོང་ཕྱོགས་ཀྱི་ཡུལ་ལུང་སོ་སོ་ནས་ཁྱོད་ཀྱིས་གྱང་རྡུང་བའི་རྣམ་པ་ཉམས་སྤྲོ་བ་ཞིག་མཐོང་ངེས་ཡིན། མི་རྣམས་ཀྱིས་ལག་ཏུ་གྱང་ཐོ་ཐོགས་ཏེ་གྲལ་གཅིག་ཏུ་བསྒྲིགས་ནས་ལག་མཉམ་པོ་བྱས་ཏེ་གྱང་རྡུང་ཞོར་གྱང་གླུ་ལེན་པས། གླུ་དང་བྲོ་ནི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ནས་བྱུང་བའི་གནས་ལུགས་དང་ཏག་ཏག་མཐུན་པ་ཞིག་རེད།
གྱང་ཁང་མང་ཆེ་བ་ནི་ཐོག་བརྩེགས་གསུམ་ལས་གྲུབ་ཡོད་ལ་ཕྱིའི་རྔམ་བརྗིད་ཆེ་ཞིང་ནང་གི་བཟོ་བཀོད་ལེགས་པ། དགུན་ཁར་དྲོ་ལ་དབྱར་ཁར་བསིལ་བའི་ཁྱད་ཆོས་ལྡན་པས། རྔ་བར་འབྱོར་མྱོང་ཡོད་པ་རྣམས་ཀྱིས་རྔ་བའི་སྡོད་ཁང་ལྟ་བུ་ཞིག་བོད་ཀྱི་ཡུལ་ལུང་གང་དུའང་མེད་ཅེས་བསྔགས།

མཎྜལ་ཐང་སྟེ་མཐོ་སྒང་གི་ན་ཐང་སྤྱི་གླིང་ནི་རྔ་བ་རྫོང་གི་བྱང་ཤར་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་སུ་ཡོད་ལ་རྩྭ་ཆུ་ཤིན་ཏུ་བཟང་བས་འབྲོག་ཡུལ་ཁྱད་དུ་འཕགས་ཤིང་ལྗོངས་སྐོར་གྱི་གནས་མཆོག་ལེགས་ཤོས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། མཎྜལ་ཐང་དུ་ལྗོངས་སྐོར་བ་མང་བོ་མེ་ཏོག་ཚལ་ན་བུང་བ་བཞིན་དུ་ཕྱོགས་མཚམས་ཀུན་ནས་དེར་འཁོར་བཞིན་ཡོད།
མཎྜལ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3685ཡོད་པ་དང་། དེར་ཆུ་བོ་ཀྱག་ཀྱོག་འབབ་ཅིང་སྤང་ལ་རྩི་ཏོག་སྣ་བརྒྱས་བརྒྱན་པས་ཤིན་ཏུ་ཡིད་གར་འོང་། གནས་མཆོག་དེ་ནི་སྲོག་ཆགས་སྣ་ཚོགས་ཀྱི་ཕ་ས་དྲོད་མོ་ཞིག་ཡིན་འདུག་སྟེ། ཁྲུང་ཁྲུང་སྐེ་ནག་ནི་བག་ཡངས་མོར་ཆུ་བོའི་འགྲམ་དང་ན་ཐང་གི་གཞུང་དུ་གཟབ་ཆས་སྤྲས་པའི་གཞོན་ནུ་མ་ཞིག་དང་འདྲ་བར་སྒེག་འགྲོས་བྱེད་བཞིན་ཡོད་ལ། སྐབས་དང་སྐབས་སུ་ན་ལས་གཟན་ཆས་འཚོལ་བཞིན་འདུག གོས་ལྗང་གདན་དུ་བཏིང་བ་འདྲ་བའི་ཐང་ཆེན་འདི་ནི་འབྲོག་ཆེན་པོའི་ལས་རླུང་དར་ས་དང་སྒོ་ཕྱུགས་ཀྱི་འཕེལ་ཁ་དར་ས་ཞིག་ཀྱང་ཡིན་སྟེ། སྦྲ་རོག་རོག་ཚང་གི་ཟོག་མང་ཐང་ལ་བཀྲམ་ན་གནམ་གྱི་སྐར་མའི་གྲངས་ཀ་ཉུང་སོང་བར་དོགས་པ། སྟོང་ལུག་རི་ལ་དེད་ན་སྤྲིན་དཀར་པོའི་ཁ་ཞིང་དོག་སོང་བར་འདོད་པ།

རྔ་བ་ལ་སྟོད་སྨད་བར་གསུམ་དུ་དབྱེ་བའི་རྔ་སྟོད་དང་བར་མ་ནི་གཙོ་ཆེར་སོ་ནམ་གྱི་ལས་ལ་གཞོལ་བ་ཡིན་ལ། སའི་ཁོད་སྙོམས་ཤིང་རྒྱ་ཆེ་བས་ཡུལ་དེའི་ཞིང་ཆེན་པོའི་ཁ་མཐའ་རྟ་ཕོས་མི་ལོན་པ་ལྟ་བུ་འདུག་ཅིང་། དབྱར་ཚེས་པ་ན། ཡུལ་དེའི་འཛིན་མའི་ཁྱོན་ཀུན་ཏུ་ཀེ་ཚེའི་མེ་ཏོག་རབ་ཏུ་བཞད་པས་མེ་ཏོག་གི་འཇིག་རྟེན་ཞིག་དང་མཚུངས་ཤིང་། ལྟ་བའི་ཆོག་མི་ཤེས་ཞེས་པར་གདགས་གཞི་དེ་ལས་ལྷག་པ་ཞིག་འཇོག་དཀའ་བར་སྣང་། སྟོན་དུས་སུ། རླུང་བུ་དལ་གྱིས་ལྡང་བ་ན་ནས་ཞིང་ནི་གསེར་མདོག་གི་རྒྱ་མཚོ་ཞིག་ལྟར་སྙེ་མའི་རྦ་རླབས་འཕྱོ་བ་དང་། ནས་ཞིང་ཡོངས་ལ་མ་བལྟས་པར་དེ་ལས་ནས་ཀྱི་གཞུང་རྐང་གཅིག་ལ་བལྟས་ན་ཉི་ཁར་གཏམ་གློད་པའི་བགྲེས་པོ་སྐྲ་འཛིང་འཛིང་ཅན་ཞིག་གིས་མགོ་ལྡེམ་ལྡེམ་གྱིས་རོགས་ཀྱི་གཏམ་ལ་བདེན་ཁ་སྟེར་བ་དང་གཉིས་སུ་མ་མཆིས་ཤིང་། སྲན་ཞིང་ནི་སྟོན་ཁར་ལྷག་པའི་ལྗང་མདོག་ཁོ་ན་ཡིན་པས། རྒྱང་ནས་བལྟས་ན་གསེར་གྱི་ཐང་ལ་གཡུ་ཡི་ཕྲ་བཏབ་པ་དང་མཚུངས། ཁྱོད་རིང་སྲན་མའི་ཞིང་ཁར་ཉུལ་ན། སྲན་ཁར་གཡེང་བའི་བྱིས་པ་ཚོ་དང་རྩེད་ཞོར་སྲན་མ་འགྲང་ཚད་ཅིག་ཟོས་ཆོག

རྔ་བའི་ནགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི313ཡོད་ལ་དེ་ལས་གཞི་ཁྱོན་ཆེ་ཤོས་དེ་རྔ་སྨད་དུ་ཡོད། ནགས་ལ་བརླན་འཛིན་པའི་ནུས་པ་ཆེན་པོ་ལྡན་པས་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་དང་། སྲོག་ཆགས་མང་བོའི་འཚོ་གཞིས་ཡིན་པར་མ་ཟད། གཞན་ཡང་ནགས་ལ་བརྟེན་ཏེ་དཔལ་འབྱོར་སྒྲུབ་པར་གྲོགས་ཀྱང་བྱས་ཡོད་དེ། ཉེ་བའི་ལོ་འགའི་རིང་། ཡུལ་དེའི་མང་ཚོགས་ཚོས་ནགས་སུ་སྐྱེས་པའི་ཤ་མོ་དང་མོག་རོ་བཏུས་ཏེ་བཙོང་བས། ཡོང་འབབ་མི་ཉུང་བ་ཞིག་རེག་བཞིན་ཡོད་པས་འབྱོར་འབྲིང་གི་འཚོ་བར་བསྙེག་པར་ཆར་བ་ཆུ་གྲོགས་སུ་གྱུར།

རྔ་བ་ལ་མཐོ་སྒང་གི་ཚོང་ར་ཞེས་པའི་མཚན་སྙན་ཡོད་ལ། དེ་ནི་གནས་བཟང་བའི་དགེ་མཚན་ལ་བརྟེན་ནས་བྱུང་བ་ཡིན་ཏེ། རྔ་བ་རྫོང་ནི་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད་པ་དང་། ནུབ་བྱང་ཕྱོགས་སུ་སྐྱོད་པའི་ལམ་མདོ་གལ་ཆེན་ཡིན་ལ་འགྲུལ་བ་མང་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པས་ཚོང་ལས་གཉེར་བར་རང་བྱུང་གི་མཐུན་རྐྱེན་འཛོམས་པར་མ་ཟད། ཡུལ་དེའི་མིའང་བློ་རིག་རྒོད་པས་ཚོང་ལས་ཤིན་ཏུ་དར།ལྷག་ཏུ་བཅིངས་འགྲོལ་གྱི་རྗེས་སུ་རྔ་བ་རུ་ཚོང་བ་འཇོན་ཐང་ཅན་མང་བོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་བྱུང་དང་འབྱུང་བཞིན་པས། ཁོ་ཚོས་རང་གི་བློ་དང་ཐབས་ལ་བརྟེན་ཏེ་དུས་དང་མཐུན་པའི་ཚོང་ལམ་སྣ་ཚོགས་ཕྱེ་ནས་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་ཚོང་གཉེར་བཞིན་པར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་ཕ་ཡུལ་རྔ་བའི་འཛུགས་སྐུན་ལ་བྱས་རྗེས་འཇོག་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།