
མི་ཆོས་གཙང་མ་བཅུ་དྲུག་དགེ་བ་བཅུ། །ཡ་རབས་སྲོལ་སྐྱེད་ལེགས་ཚོགས་སྐྲུན་པའི་དཔལ། །སྨུག་པོ་གཉེན་དང་དུས་ཆེན་དགའ་འདུན་སོགས། །དགའ་སྟོན་བྱ་བར་བསྟོད་པའི་རྩ་བ་ལགས། །ཞེས་དེང་རབས་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག རྒྱ་བོད་སྐད་གཉིས་ལོ་ཙཱ་གཞན་དྲིང་མི་འཇོག་པའི་དོན་གྱི་མཁས་ཆེན་དཔའ་རིས་སངས་རྒྱས་ཀྱིས་དཔའ་རིས་དམངས་གླུའི་བརྗོད་བྱ་དང་ཡོན་ཏན་གྱི་ཆེ་བ་གསུངས་པ་ཇི་བཞིན། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་པའི་འདུ་ཤེས་ཆེས་ཆེར་བསྐྱེད་པའི་ལམ་གྱི་སྣེ་མོར་བསྒྲེངས་ནས། དུས་རབས་གསར་བའི་རྫས་མིན་རིག་གནས་ཤུལ་བཞག་ཡང་དར་ཉི་གཞོན་བསུ་བའི་དུང་སྒྲ་ཡིས་བསྐུལ་བའི་ངོར། དབུལ་ཐར་འགག་གྲོལ་གྱི་ལོ་ལེགས་སྲུང་བ་དང་གྲོང་གསེབ་གོང་སྤེལ་གཉིས་སྟག་སེང་ཁ་སྤྲོད་ཀྱི་ཚུལ་དུ་འཕྲོད་སྦྱོར་ལེགས་པའི་ཁར། དཔའ་རིས་བོད་རང་སྐྱོང་རྫོང་རིག་གནས་ལུས་རྩལ་རྒྱང་གྲགས་གློག་བརྙན་ཅུས་དང་། སྟག་ལུང་གྲོང་རྡལ་མི་དམངས་སྲིད་གཞུང་། རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཆེད་དུ། དུས་བཟང་བོ་ཏང་གི་འཁྲུངས་སྐར་ལ་ཐུག་པའི་ཟླ་བདུན་པའི་བདེ་སྐྱིད་གྱི་ཉི་མ་ཡར་ཤར་གྱི་དཔལ་སྟེར། ཡུལ་བཟང་བོ་དགེ་བསྙེན་ཆེན་པོའི་ལྷ་ཞོལ་གྱི་སྟག་ལུང་ས་པད་མ་འདབ་བརྒྱད་ཀྱི་ཟེའུ་འབྲུ་རྒོད་ས། གནས་བཟང་པོ་བཀྲ་ཤིས་དགེ་བཅུ་ཚང་བའི་བྲག་དཀར་པོ་གླང་ཆེན་འཕྲེད་དུ་ཉལ་བའི་ཐང་ཆེན་དཔལ་བེའུ་བཞི་བསྣོལ་གྱི་དཀྱིལ་དུ། ཀྲུང་ཧྭ་དཔལ་ཡོན་དགའ་ཞེན་དང་རིག་གནས་ཤུལ་ནོར་སྲུང་སྐྱོང་ཞེས་པའི་བརྗོད་སྙིང་དུ་གྱུར་བའི་རྒྱལ་ཁབ་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུ་གདོད་མའི་དབྱངས་རྟ་འགྲན་ཚོགས་ཆེན་མོ་ཕྱོགས་ཡོང་སྐུ་མགྲོན་རྣམས་ཀྱི་རྣ་བའི་བུ་རམ་དང་མིག་གི་བདུད་རྩི་རུ་གསོལ་བའི་དགའ་སྟོན་ཉམས་དགའ་བ་ཅིག་བཤམས་པ་ལགས།

ཐེངས་འདི་འགྲན་ཚོགས་སུ་དཔའ་རིས་དཀར་པོའི་ཡུལ་ཚོ་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ་ཚོས་མེས་པོའི་ངག་གི་སྒོ་མོ་ནས་དར་ཡོང་བའི་གདོད་མའི་དབྱངས་རྟ་མགྲིན་པའི་འཁོར་ལོར་བསྐོར་ནས་སྙན་པའི་ཚིག་གི་སྡེབ་སྦྱོར་ལས་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་རེ་སྙེག་ལ་མངོན་པར་བསྟོད་པ་དང་ཏང་གི་བཀའ་དྲིན་རྗེས་སུ་དྲན་པ། ཀྲུང་ཧྭ་རིག་པའི་དཔལ་དང་ཡོན་ཏན་གྱི་རྒྱུན་ཐག་རིང་དུ་བསྲིངས་བའི་བསམ་པའི་རྒྱགས་ཕྱེ་ཡག་ཤོས་དེར་ཏང་གི་འཁྲུངས་སྐར་རྟེན་འབྲེལ་གཡང་གི་དགྱེས་མཆོད་དུ་ཕུལ་བས་ཀུན་གྱིས་རྗེས་སུ་ཡི་རུང་ཞིང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཡོད།
འགྲན་སྡུར་གྱི་ཡོ་ལང་ལས་ཧོར་ཤུག་ཁྱའི་གླུ་མ་གུ་རུ་སྐྱིད་སོགས་གསུམ་པོ་ལ་གླུ་དར་གྱི་དང་བོ་ཐོབ་པ་དང་གཟེངས་རྟགས་སུ་མི་རེར་སྒོར༡༠༠༠ཕུལ་པས་མེས་པོའི་སྲོལ་བཟང་མི་ནུབ་པའི་རྒྱལ་མཚན་འདིར་ཚོགས་ཁྲོམ་པར་བསྒྲེངས་བ།
འགྲན་སྡུར་ལས་སྟག་ལུང་གླུ་མ་ཚེ་རིང་སྒྲོལ་མ་སོགས་ལ་གླུ་དར་གྱི་གཉིས་བ་མོ་ཐོབ་པ་དང་གཟེངས་རྟགས་སུ་སྒོར༨༠༠ཕུལ་པས་སྙན་གྲགས་ཀྱི་བ་དན་དགུང་ལ་གཡོ་བ།
འགྲན་པའི་དོ་ར་རུ་མཆོད་རྟེན་ཐང་ཡུལ་ཚོ་ནས་ཡོང་བའི་གླུ་བ་སྔོ་ཁོ་དབང་གྲགས་སོགས་ལ་གླུ་དར་གྱི་གསུམ་པ་ཐོབ་པ་དང་གཟེངས་རྟགས་སུ་སྒོར༦༠༠ཕུལ་པས་སྙིང་སྟོབས་དང་བརྩོན་འགྲུས་ཀྱི་གོ་ཆ་ལུས་ལ་སྐོན་པ།
ཡུལ་ཚོ་སོ་སོ་ནས་ཡོང་བའི་འགྲན་ཞུགས་གླུ་བ་གླུ་མ་བྱ་དགའ་ཡི་གྲལ་དུ་བསྒྲིག་མེད་པ་ཀུན་ལ་གླུ་དར་གཞེན་སྐུལ་རི་མོ་ཕབ་པར་སྒོར༢༠༠གཟེངས་རྟགས་སུ་བཏབ་པས་སྐུལ་བྱེད་ཀྱི་རྟ་ལྕག་ལག་ལ་སྤྲད་པ།
ཐེངས་འདི་འགྲན་ཚོགས་ནི་ཏང་གི་འཁྲུངས་སྐར་རྟེན་འབྲེལ་གྱི་དབུ་བཙུགས། རྫས་མིན་རིག་གནས་ཤུལ་བཞག་གྱི་རྒྱབ་སྐྱོར། དཔའ་རིས་གླུ་སྙན་གྱིས་སྔོན་བསུས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་ཟབ་བཞེས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མཐུན་རྐྱེན་སྦྱར་བའི་མཐུ་ཡིས་སྤེལ་བའི་རིག་གནས་ཀྱི་དགྱེས་སྟོན་ཆེན་པོ་ཡིན་ལ། བརྗོད་བྱ་ཕུན་སུམ་ཚོགས་ཤིང་གོ་དོན་གཏིང་ཟབ་པའི་དཔའ་རིས་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་བརྩོན་དགོས་པའི་ཅོང་སྒྲ་སྒྲོག་པའི་ཆབས་ཅིག་ཏུ། མང་ཚོགས་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཡོང་བ་དང་། རིག་གནས་རང་རྐྱ་འཕེར་བ་དང་བརྗེ་རེས་མཉམ་འདྲེས་ཀྱི་དགེ་མཚན་འདྲེན་བྱེད་དཔལ་དུ་ཤར་བའི་མོད་ལ། རྫས་མིན་རིག་གནས་ཤུལ་བཞག་ཕ་ནོར་བུ་ཡི་འཛིན་པའི་བརྟུལ་ཞུགས་ཉམས་དགའ་བ་ཆུ་བོའི་རྒྱུན་བཞིན་སྲུང་བ་དེ་ཡིན་ནོ།