༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་མཐར་ཕྱིན་སློབ་མ་སྐྱེལ་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ་གྱིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-06-01 10:29:32 ཀློག་གྲངས།:
མཐར་ཕྱིན་མཛད་སྒོ་སྤེལ་བའི་ཡུལ་དངོས།
      སྤྱི་ལོ༢༠༢༡ལོའི་ཟླ་༥བའི་ཚེས་༣༡ཉིན་གྱི་ཞོགས་པར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་ལུས་རྩལ་ར་བར་མཐར་ཕྱིན་སློབ་མ་སྐྱེལ་བའི་མཛད་སྒོ་སྐབས་༣༦པ་གཟབ་རྒྱས་ངང་སྤེལ།
      ཁག་གཙོ་གཞོན་པ་དངོས་གྲུབ་ཚེ་རིང་གིས་ངོ་སྤྲོད་གནང་བ་ལྟར་ན། ད་ལོའི་མཐོ་གསུམ་ལ་སློབ་མ་ཕོ་༣༢༠དང་མོ༣༩༧བཅས་ཁྱོན་བསྡོམས་མཐར་ཕྱིན་སློབ་མ༧༡༧ཡོད་ཅིང་། རྩིས་ཚན་འཛིན་གྲྭ་༧དང་རིག་ཚན་འཛིན་གྲྭ་༦བཅས་བསྡོམས་པས་འཛིན་གྲྭ་༡༣ཡོད་པ་དང་།  གཞན་ཡང་སློབ་གྲྭས་ཆེད་དུ་བསྒྲུབས་པའི་རི་མོ་དང་གླུ་དབྱངས།  བྲོ་གར།  ལུས་རྩལ་སོགས་དགའ་ཕྱོགས་འཛིན་གྲྭར་ཞུགས་ནས་དེའི་ཕྱོགས་ཀྱི་སློབ་གྲྭ་དང་ཆེད་ལས་ལ་རྒྱུགས་སྤྲོད་མཁན་གྱི་སློབ་མའང་མང་པོ་མཆིས།
      ཟླ༥བའི་ཚེས་༢༩ཡི་ཉིན་གུང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས། མཐར་ཕྱིན་སློབ་མ་རྣམས་ཀྱིས་རིག་བྱེད་ཕུན་ཚོགས་གླིང་གི་གཡོན་ཕྱོགས་ཀྱི་སིལ་སྡོང་འོག་ཏུ། འཛིན་གྲྭ་འོག་མ་རྣམས་ལ་རང་གིས་བཀོལ་ཟིན་པའི་དཔེ་དེབ་རྣམས་དཔེ་སྦྱིན་བྱེད་པའི་ཡ་རབས་ཀྱི་སྲོལ་བཟང་རྒྱུན་འཛིན་བྱེད་པའི་བྱ་འགུལ་སྤེལ་ཅིང་།  མཐོ་གཅིག་དང་མཐོ་གཉིས་རིམ་པའི་སློབ་མ་རྣམས་ཀྱང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཏེ། རང་རང་ལ་མཁོ་བའི་དཔེ་དེབ་ཀྱི་ཟེའུ་འབྲུ་དགའ་བས་འཐུས། ཚེས་༣༠ཉིན་གྱི་ཞོགས་པར་དགེ་སློབ་ཡོངས་ཀྱིས་རྒྱན་གོས་ལེགས་པར་སྤྲས་ནས་མཐར་ཕྱིན་དྲན་རྟེན་གྱི་འདྲ་པར་བསྐྱོན་ཅིང་།   ཕྱི་དྲོར་རང་རང་གི་འཛིན་གྲྭར་མཐར་ཕྱིན་གྱི་རིག་རྩལ་སྤྲོ་ཚོགས་འོས་འཚམ་རེ་བསྡུས།  དགོང་ཚོགས་ཀྱི་སྐབས་སུ་གསེར་ལས་དཀོན་པའི་དུས་ཚོད་དམ་འཛིན་གྱིས། ཤར་ཕྱོགས་ཀྱི་སྨྱན་མང་ཁང་དུ་མཐོ་རྒྱུགས་དཔེ་མཚོན་རྒྱུགས་གཞི་ཐེངས་ལྔ་བའི་རྒྱུགས་སྐར་དབྱེ་ཞིབ་དང་སྤྱི་བསྡོམས་ཀྱི་ཚོགས་འདུ་བསྡུས་ཏེ། བགྲང་བྱ་གསུམ་གྱི་མཐོ་འབྲིང་གི་སློབ་སྦྱོང་འཚོ་བར་རྫོགས་ཚིག་བྲིས།

དམའ་རིམ་སློབ་མས་རང་ལ་མཁོ་བའི་དཔེ་ཆ་ལེན་བཞིན་པ།

མཐར་ཕྱིན་དྲན་རྟེན་གྱི་མཉམ་པར་བསྐྱོན་པ།
      ཚེས༣༡ཉིན་གྱི་ཞོགས་པར་མཐར་ཕྱིན་སློབ་མའི་ཚབ་མཚོན་པ་ལྷ་མཆོག་རྡོ་རྗེའི་བཀའ་དྲིན་དྲན་པའི་རྒྱལ་དར་འོག་གི་གཏམ་བཤད་ཀྱིས་མཐར་ཕྱིན་མཛད་སྒོ་སྐབས༣༦པའི་དབུ་དངོས་སུ་བཙུགས། མཛད་རིམ་རྣམས་སྔར་སྲོལ་བཟང་པོ་རྒྱུན་འཛིན་གྱིས་ཚགས་ཚུད་ཅིང་གོ་རིམ་ལྡན་པའི་ངང་ལེགས་པར་སྤེལ་ཅིང་།  སློབ་གྲྭའི་རིག་རྩལ་ཚོགས་པས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱི་གསོལ་སྟོན་བཤམས། སློབ་གཙོ་པདྨ་དབང་ཆེན་གྱིས་སེམས་ཚོར་དྲག་པོའི་སྒོ་ནས་མཐར་ཕྱིན་སློབ་མར་གཏམ་བཤད་གལ་ཆེན་གནང་ཞིང་།   སློབ་སྟོན་ཁང་གིས་ཀྲུའུ་རིན་ཀླུ་ཐར་གྱིས་མཐར་ཕྱིན་སློབ་མའི་མིང་ཐོ་བསྒྲགས་ནས་སློབ་མཐར་ཕྱིན་པའི་འཛིན་ཡིག་གནང་། མཐར་ཀུན་གྱི་ལག་ཟུང་ཐལ་མོའི་རྡེབ་སྒྲའི་ཁྲོད་མིག་ཟུང་མཆི་མ་དང་བཅས་སྒོ་ཁར་སྐྱེལ་མ་བྱས་ཏེ་མཛད་སྒོའི་མཇུག་ལེགས་པར་བསྡུས་སོ། །
མཐར་ཕྱིན་སློབ་མའི་འཐུས་ཚབ་པའི་རྒྱལ་དར་འོག་གི་གཏམ་བཤད། 


མཛད་སྒོ་སྤེལ་བྱེད་བཞིན་པ།
སྐྱེལ་མ་བྱེད་བཞིན་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།