༄༅།།རྩོམ་པ་པོ་ཁོང་དང་དངོས་སུ་ངོ་འཕྲད་དུས་ནི་ན་ནིང་གི་སྟོན་ཁ་ཞིག་རེད།--ལོ་རྒྱུས་སྨྲ་བ་བོང་སྟག་ཕུན་ཚོགས་ལགས་ལ་རྗེས་དྲན་དུ། 

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-19 08:59:38 ཀློག་གྲངས།:
རྩོམ་པ་པོ་ཁོང་དང་དངོས་སུ་ངོ་འཕྲད་དུས་ནི་ན་ནིང་གི་སྟོན་ཁ་ཞིག་རེད། 
---ལོ་རྒྱུས་སྨྲ་བ་བོང་སྟག་ཕུན་ཚོགས་ལགས་ལ་རྗེས་དྲན་དུ། 
བོང་སྟག་རི་ལུ།
དེ་རིང་སྔ་དྲོ་ལས་འཚོགས་གྲོལ་ལ་ཉེ་ཁར། ངས་རང་གི་ཡུལ་སྐོར་ཟིན་ཐོ་ཞིག་ཡོད་པ་དེ་དེ་སྔ་ཁས་བླངས་པ་བཞིན། བོང་སྟག་ལྷག་གར་བསྐུར་ནས་ཁོ་ཚོའི་དྲ་ཚིགས་ལ་བྱིན་པ་ཡིན། བོང་སྟག་ལྷག་གིས་ཕྱིར་ང་ལ《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》གྱི་པར་ཞིག་བསྐུར་ཡོང་། ངས་ཁོ་ལ་ཀུ་རེའི་ཚུལ་དུ། དཔེ་ཆ་དེ་ང་ལ་སྟེར་བསམ་པ་ཡིན་ནམ། དུ་སྟེར་ན་དུ་དགོས་ཞེས་བཤད་པ་ཡིན། ཁོས་སྐད་འཕྲིན་ལས་ཁོ་རང་སྐུ་འདས་ཚུལ་ཞིག་ཐོས་སོང་ཟེར། གློ་བུར་དུ་ངའི་སེམས་ལ་ཙག་ཤད་ཅིག་བརྒྱུགས་བྱུང་། ཙག་ཤད་དེ་རང་ག་བའི་ཙག་ཤད་ཅིག་མིན་པར་ཤ་དང་རུས་པར་ཟུག་བྱུང་། རུས་པའི་གཏིང་ལ་སིམ་སོང་། ཁོ་ནི་ང་ཚོའི་ཤ་དང་རུས་པའི་མཆེད་ཁོངས་ཐོག་མ་འབྲི་མཁན་གྱི་བོང་སྟག་ཕུན་ཚོགས་ལགས། 
བོང་སྟག་ཕུན་ཚོགས་ལགས་ཀྱིས་ང་ལ་བག་ཆགས་ཆེས་ཐོག་མ་འཇོག་བྱེད་ནི་བྱིས་པའི་དུས་སུ་བལྟ་མྱོང་བའི《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》ཞེས་པ་དེ་རེད། དཔེ་དེབ་དེ་ནི་ང་ཚོ་བོང་སྟག་གི་ཚོ་བའི་མཆེད་ཁོངས་དང་རུས་རྒྱུད་གླེང་བའི་དཔེ་དེབ་ཐོག་མ་ཡིན།  ཏག་ཏག གློ་བུར་མི་སྙན་པའི་གཏམ་ངན་དེ་ཐོས་དུས་སུ། ངས་དཔེ་སྒྲོམ་ནང་གི་དཔེ་དེབ་ལྗང་གུ་ཆུང་ཆུང་དེ་མིག་ལམ་ལ་ཡང་ཡང་ཤར་ཡོང་། 
ཁོ་ནི་གྲྭ་ས་ནས་ཕྱུགས་རྫི་དང་། ཕྱུགས་རྫི་ནས་སློབ་གྲྭ། སློབ་གྲྭ་ནས་སྲིད་འཛིན་གྱི་འགོ་ཁྲིད་སོགས་ལས་ཀ་རབ་དང་རིམ་པ་བརྒྱུད་དེ་ཡོང་བ་ཞིག་ཡིན་ན་ཡང་། རིག་གནས་དང་ཁ་བྲལ་མ་མྱོང་ལ། ས་གནས་ཀྱི་ཚོ་བའི་ལོ་རྒྱུས་འཐུས་ཚང་དུ་གཏོང་བར་སྨྱུག་ཁ་ལྷོད་མ་མྱོང་བའི་རྩོམ་མཁན་ཞིག་ཡིན་པར་མ་ཟད། གཞོན་སྐྱེས་ཤེས་ཡོན་པ་ལ་གདེང་འཇོག་གནང་མཁན་ཞིག་ཀྱང་ཡིན་འདུག
དེ་ཡང་ལོ་ངོ་ཉི་ཤུའི་ཡར་སྔོན་དེ། ཕྲན་གྱི་སྙན་དེབ་དང་པོ《ང་ངོ་མ་འཚོ་འདོད》པར་དུ་བསྐྲུན་དུས་སུ། ཁོས་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་འཁུར་ཡོད་ལ། སྐབས་དེར། ངའི་སློབ་གྲོགས་ཤིག་སྟེ་ཁོའི་ཚ་མོ་ཞིག་བརྒྱུད་ནས་ངའི་སྙན་དེབ་དེ་མཐོང་རྗེས་སུ་ཁོས་གདེང་འཇོག་ཡག་པོ་གནང་སོང་ཟེར། སྐད་ཆ་དེ་ནི་ཕྱིས་ཀྱི་ངའི་རྩོམ་རིག་གི་ལམ་བུའི་སྟེང་ནས་རྟིང་སྐུལ་ཡག་པོ་ཞིག་ཏུ་ཡང་གྱུར་སོང་། 
ང་རང་རྩོམ་པ་པོ་ཁོང་དང་དངོས་སུ་ངོ་འཕྲད་དུས་ནི། ན་ནིང་གི་སྟོན་ཁ་ཞིག་རེད། སྟོན་ཁ་དེར། ཟི་ལིང་གསོལ་ཁང་གི་སྟོན་མོ་ཞིག་ནས་ཐེངས་དང་པོར་ངོ་འཕྲད་པ་ཡིན། ཡིན་ན་ཡང་། ཇ་མགྲོན་ཆང་མགྲོན་གྱི་བར་ནས་ངེད་གཉིས་ལ་ཕན་ཚུན་བར་ཁ་བརྡ་བྱེད་པའི་དུས་ཚོད་ཅང་མ་བྱུང་། སྟོན་མོའི་ཕྱི་ཉིན་དེར། གྲོགས་པོ་ཞིག་གིས་ཁྱེད་རང་ཁ་སང་བོང་སྟག་ཕུན་ཚོགས་ཀྱིས་བཙལ་གྱིན་འདུག་ཟེར། ངས་དེ་མ་ཐག གྲོགས་པོ་ཞིག་ནས་བོང་སྟག་ཕུན་ཚོགས་ལགས་ཀྱི་ཁ་པར་ཨང་གྲངས་དྲིས་ཏེ། ཁོ་ལ་ཁ་པར་བཏང་བ་ན། ཁོང་གིས《དོན་དག་གཞན་ཅང་མེད། ཁྱེད་ཀྱི་རྩོམ་ཡིག་སྐོར་ཞིག་ལ་བལྟ་མྱོང་ལ། མུ་མཐུད་དུ་འབད་པ་ཤེས། སེམས་ཅན་གྱི་ཁ་ཞེ་རྒྱུགས་མི་ཉན》ཟེར། ངས་ཀྱང་ལགས་སོ་དང་ཐུགས་ཆེ་ཟེར་བཞིན་ངེད་གཉིས་ཀྱི་སྐད་ཆ་བཤད་མཚམས་བཞག་པ་ཡིན། ཡིན་ན་ཡང་། མ་བསམ་ས་ནས་དེ་ནི་ངེད་གཉིས་ཀྱི་ཆེས་མཐའ་མཇུག་གི་ཁ་བརྡ་ཡིན་པ་སུ་ཡིས་རྟོགས། 
རྩོམ་པ་པོ་ཁོང་དང་དངོས་སུ་ངོ་འཕྲད་དུས་ནི་ན་ནིང་གི་སྟོན་ཁ་ཞིག་རེད། དེ་ནི་ཁོའི་མི་ཚེའི་སྟོན་ཁ་ཡིན་པ་ག་ལ་རྟོགས། དགུན་ཟླ་འདི་ཡང་བསླེབས་པ་མགྱོགས་དྲགས་སོང་། མགྱོགས་དྲགས་སོང་། འོན་ཀྱང་། ཁོ་རང་གློ་བུར་དུ་འདི་ལྟར་བཞུད་སོང་ཡང་། 《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》གྱིས་ཁོ་རང་བརྗེད་མི་སྲིད། ཁོ་རང་གློ་བུར་དུ་འདི་ལྟར་བཞུད་སོང་ཡང་། 《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》ཕྱི་རབས་པ་དག་གིས་བརྗེད་མི་སྲིད། 
རྩོམ་མཁན་མཆོག་གི་ཕ་ཡུལ་སེང་གེ་ཡིན།  །  
སེང་གེ་ཐོགས་དོན་བྲག་རིའི་ཟོལ་གྱིས་བཏགས། ། 
རྩོམ་མཁན་ཁོང་ནི་སེང་གེའི་ཟོལ་གྱིས་འགྱིང་། ། 
ལོ་རྒྱུས་སྨྲ་བའི་ཁྲོད་ཀྱི་སེང་གེ་ཡིན། ། 

རྩོམ་མཁན་མཆོག་གི་ཕ་ཡུལ་སེང་གེ་ཡིན། ། 
སེང་གེ་ཐོགས་དོན་བྲག་རིའི་ཟོལ་གྱིས་བཏགས། ། 
རྩོམ་མཁན་ཁོང་གི་སྙིང་སྟོབས་བྲག་རི་ཡིན། ། 
བོང་སྟག་ལོ་རྒྱུས་མི་འཇིག་རྡོ་རུ་བརྐོས། ། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།