
ཇི་སྐད་དུ། འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། ། རང་གི་ལུས་ལ་དཔེ་ལོངས་ལ། ། གཞན་ལ་གནོད་པ་མ་བྱེད་ཅིག་ཅེས་གསུངས་པ་བཞིན་མི་རིགས་མཐུན་སྒྲིལ་གྱི་ལག་རྡང་དམ་དུ་སྦྲེལ་ཞིང་འཆམ་མཐུན་སྤྱི་ཚོགས་ཀྱི་འོས་འགན་ལེགས་འགྲུབ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་ཀུན་སློང་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ལམ་ལུགས་གཞིར་བཟུང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རླབས་ཆེན་ལ་བརྩོན་ལེན་བྱེད་རྒྱུ་ནི་ང་ཚོ་རིགས་སོ་སོའི་མི་རིགས་ང་དྲུག་གིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་ཏུ་གྲུབ་ཡོད་ཚོད་རེད།

ལོ་གྱོན་མའི་རིལ་བུ།

དེ་བས་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཡང་དག་པའི་སྣེ་ཁྲིད་འོག་འགྲོགས་བདེ་གཤིབ་བདེ་དང་དཔུང་བ་མཉམ་གཤིབ་ཀྱིས་ཐེངས་འདིའི་ནད་ཡམས་ཀྱི་གཡུལ་ངོ་ལས་རྣམ་པར་རྒྱལ་དགོས་པ་མ་ཟད། མ་བསྐུལ་དང་ལེན་གྱིས་ནད་ཡམས་ཀྱིས་གནོད་འཚེ་ཐེབས་པའི་གྲོང་ཁྱེར་རམ་མི་སྒེར་རིས་སུ་མ་ཆད་པའི་ངང་ནས་ལྷག་བསམ་རྣམ་དག་གིས་རོགས་རམ་དང་མི་ཤུགས་དང་དངོས་ཤུགས་གང་ཐད་ནས་རམ་འདེགས་མི་དམན་པ་ཞིག་བྱེད་རྒྱུ་ནི་ལྡོག་ཏུ་མེད་པའི་འགན་ཁུར་ཞིག་ཡིན་པ་མ་ཟད། ཆབ་དཔལ་རིག་གསུམ་སོགས་གང་ཐད་ནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རང་རེའི་མེས་རྒྱལ་འདིའི་ཐུན་མོང་མ་ཡིན་པའི་གཟི་བྱིན་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཐེངས་འདིའི་ནད་ཡམས་ཀྱི་སྡིག་རྩུབ་ལ་ངོ་རྒོལ་བྱས་ཏེ་དཀའ་སྡུག་ལས་རྒྱལ་བར་བྱེད་ཆེད་ས་ཕྱོགས་སོ་སོའི་སྤུན་ཟླ་མི་རིགས་དག་གིས་རང་ནུས་ཅི་ལྕོགས་ཀྱིས་ཐེངས་འདིའི་ཝུའུ་ཧན་གྲོང་ཁྱེར་གཙོས་འགོས་ནད་བྱུང་བའི་ཉམ་ཐག་གི་ནད་པ་མཐའ་དག་ལ་བྱམས་སེམས་ཀྱིས་རོགས་སྐྱོར་བླ་མེད་བྱེད་པའི་རེ་འདུན་དང་མཐུན་སྒྲིལ་ནི་སྟོབས་ཤུགས་དང་བྱམས་བརྩེ་ནི་རྒྱལ་ཁ་ཡིན་པའི་རྣམ་དག་གི་འདུ་ཤེས་རྒྱུན་འཁྱོངས་དང་དུས་ཚོད་དང་གོ་སྐབས་དམ་འཛིན་སྒོས་ཁྲིམས་མཐུན་ལུགས་མཐུན་གྱིས་ནད་ཡམས་མཐར་སྐྲོད་ཀྱི་བྱ་གཞག་ལ་འགོར་འགྱངས་མེད་པར་བརྩོན་ལེན་བྱེད་དགོས་པ་རེད།

2020ལོའི་ཟླ1པོའི་ཚེས28ཉིན་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོའི་ཐར་ཤུལ་དགོན་པའི་དོ་དམ་ཁང་གིས་སྣེ་ཁྲིད་དེ་མཚོ་ལྷོ་ཁུལ་བོད་སྨན་ཁང་དང་མཉམ་འབྲེལ་སྒོས་ཚད་ལྡན་གྱིས་རིལ་སྒྲུབ་བྱས་ཤིང་། ་ཁུལ་བོད་སྨན་ཁང་དང་དགོན་པ་རང་གི་ཐམ་ག་ཟུང་ཚང་བར་བྱས་ནས། ཐེངས་འདིའི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པའི་ནད་ཡམས་ལས་རྒྱལ་ཆེད་དང་ནད་ཡམས་མ་བྱུང་བའི་སེམས་ཅན་ཀུན་ལ་སྔོན་འགོག་གི་ནུས་པ་ལྡན་པའི་ལོ་གྱོན་མའི་རིལ་བུ་སྡེབ་སྦྱོར་དང་བསྒྲུབས་པ་བཅས་བྱས་ཤིང་ཡུལ་གྲུ་སོ་སོར་སྦྱིན་གཏོང་བྱས།

རེབ་འདིའི་ལོ་གྱོན་མའི་རིལ་བུའི་གནང་སྦྱིན་གྱི་བྱེད་སྒོ་འདི་ནི་ཐར་ཤུལ་དགོན་པའི་དོ་དམ་ཁང་གི་ཐུགས་བཀོད་ལྟར་སྒྲུབ་པ་མ་ཟད། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དག་གིས་བླ་ན་མེད་པའི་རོགས་རམ་དང་མཛུབ་སྟོན་གང་ལེགས་གནང་བ་ལས་སྤེལ་མགོ་ཚུགས་པ་རེད། ( ཁྱིམ་ཚང11341དང་གྲོང་རྡལ4། རིམས་བཤེར་ས་ཚུགས6། དེ་མིན་སྡེ་ཁག་དང་མི་སྒེར་བཅས་ལ་བསྡོམས་གྲངས་རིལ་བུ31728)ལོ་གྱོན་མའི་རིལ་བུ་གནང་སྦྱིན་མཛད་པ་འདིས་ཐེངས་འདིའི་ནད་ཡམས་སྔོན་འགོག་གི་ལས་འགན་ལག་བསྟར་བྱས་པ་ཡིན་ལ་ཁྱད་པར་དུ་རྫོང་འཐབ་སྒྲིལ་པུའུ་ཡི་རྒྱབ་སྐྱོར་འོག་ཆོས་རྗེ་ཡུལ་ཚོ་དང་རྟ་ནག་མ་གྲོང་རྡལ། ཐང་དཀར་མ་གྲོང་རྡལ། དཔལ་ཁ་གྲོང་རྡལ་བཅས་ཀྱི་ལྷ་སྡེ་སོ་སོའི་ཁྱིམ་ཚང་རེ་རེ་དང་རིམས་བཞེར་ས་ཚུགས་སོ་སོ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ལས་བྱེད་མི་སྣ་ཡོངས་ལ་རིན་གོང་དམངས་སྒོར50000ལྷག་གི་ལོ་གྱོན་མའི་རིལ་བུ་གནང་སྦྱིན་མཛད།
ཐེངས་འདིའི་ཐར་ཤུལ་དགོན་པས་ལོ་གྱོན་མའི་རིལ་བུ་གནང་སྦྱིན་བྱས་པའི་བྱ་འགུལ་འདི་སྤེལ་བ་བརྒྱུད་ནས། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་དང་ཡུལ་ཕྱོགས་གང་དང་མི་སྒེར་སུ་ལ་དཀའ་ཁག་ཡོད་ཚེ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཀྲུང་གོ་བའི་མཛེས་སྡུག་ལྡན་པའི་ཀུན་སྤྱོད་དར་སྤེལ་བྱེད་པར་རྒྱུན་འཁྱོངས་དང་། ཁྱད་པར་དུ་གཞན་ཕན་གྱི་མཛད་རྗེས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགེ་འདུན་པའི་སྡེའམ་དགོན་སྡེ་ཁག་གིས་ཐེངས་འདིའི་ནད་ཡམས་སྔོན་འགོག་གི་ཐད་ལ་མ་བགྲོས་གཅིག་མཐུན་གྱིས་རོགས་རམ་བྱེད་པར་རྨང་གཞི་གང་ལེགས་བསྐྲུན་ནོ།།