༄༅།།ཨ་ལན་ཟླ་བ་སྒྲོལ་མ་དང་ཚེ་དབང་ལྷ་མོས་ཕ་ཡུལ་གྱི་ནད་འགོག་ལ་སྒོར་ཁྲི10དང་ཁྲི8ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:CNR དུས་ཚོད།:2020-02-10 09:42:51 ཀློག་གྲངས།:
མིག་སྔའི་བར་སི་ཁྲོན་དཀར་མཛེས་ཁུལ་དུ་ཁྱོན་ཏོག་གསར་གློ་ཚད་ཕོག་པའི་ནད་པ་17ཐོན་པ་དང་། དེ་དག་ཁྲོད་རྟའུ་རྫོང་དུ་ནད་པ་12དང་། དར་རྩེ་མདོ་ལ་ནད་པ་2། གསེར་རྟ་རྫོང་ལ་ནད་པ་2། འདབ་པ་རྫོང་ལ་ནད་པ་1་བཅས་ཐོན་ཡོད། ཁ་སང་དང་དེ་རིང་གི་བར་ལ་དཀར་མཛེས་ཁུལ་དུ་ནད་པ་འཕར་མི་འདུག   དེ་བཞིན་རྒྱལ་ཡོངས་ཀྱི་ནད་པ་གསར་པ་འཕར་བའི་གྲངས་ཀ་སྔོན་དང་བསྡུར་ན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཡིན་ནའང་ཚང་མས་སྔར་བཞིན་དོ་སྣང་དང་དོགས་ཟོན་ཆེན་པོ་གནང་དགོས། 
ཟླ2ཚེས4ཉིན་རྟའུ་རྫོང་མི་དམངས་སྨན་ཁང་གིས་དྲ་ཐོག་ནས་སྤྱི་ཚོགས་ཀྱི་ཞལ་འདེབས་དང་ལེན་བྱེད་པའི་སྤྱི་བསྒྲགས་སྤེལ་ཡོད་པ་དང་། སྔ་གཞུག་ཏུ་བོད་ཀྱི་གླུ་མ་ཨ་ལན་ཟླ་བ་སྒྲོལ་མ་དང་ཚེ་དབང་ལྷ་མོ་གཉིས་ཀྱིས་ཁག་སོ་སོར་སྒོར་ཁྲི་བཅུ་དང་ཁྲི་བརྒྱད་ཞལ་འདེབས་སུ་ཕུལ་ནས། ཕ་ཡུལ་གྱི་ནད་དུག་འགོག་སྲུང་ལས་དོན་ལ་རང་ནུས་ཅི་ལྕོགས་ཀྱིས་ཟུར་ཞུགས་གནང་ཡོད།
དཀར་མཛེས་ཁུལ་གྱིས་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་ཆེད། བོད་རིགས་གཞས་མ་གྲགས་ཅན་ཨ་ལན་ཟླ་བ་སྒྲོལ་མ་ལགས་ཀྱིས་ཕ་ཡུལ་ཕྱོགས་ཀྱི་ནད་དུག་འགོག་སྲུང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཆེད། སྒོར་ཁྲི་བཅུ་ལྷག་གིས་ཁ་ཐུམ་7000ཉོས་ནས་ལྕགས་ཟམ་ཁ་རྫོང་སྤྱི་བདེ་ཅུས་དང་དར་མདོ་ཁུལ་སྤྱི་བདེ་ཅུས་སོགས་ལ་ཞལ་འདེབས་སུ་ཕུལ་འདུག 
ད་དུང་བོད་རིགས་གཞས་མ་ཚེ་དབང་ལྷ་མོ་ལགས་ཀྱིས་ཀྱང་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པ་བཅུ་གཉིས་ཡོད་སའི་རྟའུ་རྫོང་གི་རྒྱ་གྲམ་དམར་པོའི་བྱམས་བརྩེ་ཐེབས་རྩ་ཚོགས་པར་སྒོར་ཁྲི་བརྒྱད་ཞལ་འདེབས་སུ་ཕུལ་འདུག
གླུ་མ་ཁོང་རྣམ་པ་གཉིས་ཀྱིས་འབད་བརྩོན་གནང་བ་ང་ཚོས་མཐོང་ཡོད་ལ། གཅེས་སེམས་ལེགས་སྐྱེས་སུ་ཕུལ་བ་ཡང་ང་ཚོས་བློ་ལ་ངེས་ཡོད། ཐུགས་རྗེ་ཆེ། རིམས་ནད་ཀྱི་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་མོད། འོན་ཀྱང་རྒྱལ་ཡོངས་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་ཀྱི་ཡོད་པས། དཀའ་ཚེགས་ཆེ་བའི་དུས་སྐབས་འདི་ལས་གང་མགྱོགས་ཐར་རྒྱུར་ཡིད་ཆེས་ཆེན་པོ་བརྟས་སོ།།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།