༄༅།།བསོད་ནམས་ཚེ་རིང་གིས་ཝུའུ་ཧན་ལ་ཞལ་འདེབས་སྒོར་ཁྲི11ཕུལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2020-02-07 10:53:15 ཀློག་གྲངས།:
སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་རྐོ་མོའི་ཆུ་ལ་མཉམ་འཐུང་ཞེས་པ་བཞིན་རྒྱལ་ཡོངས་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་འདིར། སྐྱེས་བུ་ལྷག་བསམ་ཅན་མང་པོ་ཞིག་གིས་མ་དངུལ་དང་དངོས་རྫས་སོགས་ཀྱི་ཞལ་འདེབས་ཕུལ་དང་འབུལ་བཞིན་པ་ནི་ཅི་འདྲའི་ཡི་རངས་ཞུ་དགོས་པ་ཞིག་རེད་ཨང་།
བསོད་ནམས་ཚེ་རིང་གིས་སྒོར་ཁྲི་བཅུ་གཅིག་ཞལ་འདེབས་སུ་ཕུལ།
ང་རང་དབང་པོ་སྐྱོན་ཅན་ཞིག་ཡིན་པས། དཀའ་སྡུག་ཆེ་བའི་ཡུལ་དངོས་སུ་བགྲོད་པར་དཀའ་ཡང་། རང་སེམས་མཚོན་བྱེད་ཀྱི་ཏང་དངུལ་འདི་དག ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་བཞིན་པའི་ཝུའུ་ཧན་མི་དམངས་ལ་སྤྲོད་རོགས། 
སྤྱི་ཟླ2པའི་ཚེས5ཉིན་ལས་འཁྱུར་ངལ་གསོ་ཞུས་པའི་ཏང་ཡོན་རྒན་གྲས་བསོད་ནམས་ཚེ་རིང་སྔ་པོ་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ཨུའི་རྩ་འཛུགས་པུའུ་རུ་ཕེབས་ཏེ་དམིགས་བསལ་གྱི་ཏང་དངུལ་སྒོར་ཁྲི11སྤྲད་རྗེས་ཕྱིར་ལོག་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བསོད་ནམས་ཚེ་རིང་ལགས་ནི་དྲག་སྐྱེད་མ་བྱུང་བའི་སྙུང་གཞིའི་དབང་གིས་སྤྱི་ལོ2015ལོར་རང་ཉིད་ཀྱི་ཆེས་དགའ་སའི་སློབ་གསོའི་སྟེགས་བུ་དང་ཁ་བྲལ་ནས་རང་ཁྱིམ་དུ་སྨན་གསོ་བྱེད་དགོས་བྱུང་། སྙུང་གཞི་མནར་བའི་སྡུག་བསྔལ་གྱི་སེམས་ཚོར་ལས། རང་དང་འདྲ་བའི་ཉམས་ཐག་གི་ནད་པ་མང་པོ་ཞིག་ལ་རོམས་རམ་བྱ་རྒྱུ་ནི་ཁོང་གི་བསམ་འདུན་ཆེ་ཤོས་དེ་རེད། དེ་བས་ཁོང་གིས་ཐེངས་འདིའི་ཝུའུ་ཧན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རང་ཉིད་རྔུལ་ཁྲག་ལས་བསགས་པའི་སྒོར་ཁྲི་བཅུ་གཅིག་ཞལ་འདེབས་སུ་ཕུལ་འདུག
ལས་འཁྱུར་ངལ་གསོ་ཞུས་པའི་བསོད་ནམས་ཚེ་རིང་ལགས་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲའི་ཡག་པོ་མེད་མོད། རང་ཉིད་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ནམ་ཡང་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ཏེ་མ་སྐུལ་དང་བླང་གིས་དབང་པོ་སྐྱོན་ཅན་དང་དཀའ་ངལ་ཡོད་པའི་སློབ་མ་སོགས་ལ་སྔ་ཕྱིར་སྒོར་ལྔ་འབུམ་ལྷག་གིས་རོགས་རམས་གནང་མྱོང་བ་སུ་ཡིས་ཤེས།
ཕ་བཟང་བུ་དང་འདོ་རིགས་རྟ། ནམ་ལངས་དུས་བྱང་ལམ་མཚམས་ན་ཡོད་ཅེས་པའི་དཔེ་ལྟར་འགག་རྩའི་དུས་སྐབས་རེ་རེར་ཁོང་ནས་གཞན་ཕན་གྱི་བྱ་བཟང་རེ་རེ་བསྒྲུབ་བཞིན་ཡོད། ཁོང་གིས། ས་ཁུལ་གང་ཞིག་ལ་གནོད་འཚེ་བྱུང་ཚེ། རྒྱལ་ཡོངས་ས་གནས་ཁག་གིས་རོགས་རམ་བྱ་རྒྱུ་དང་། མི་རིགས་གང་ཞིག་ལ་དཀའ་ངལ་འཕྲད་ཚེ། རྒྱལ་ཡོངས་སྤུན་ཟླ་ཡོངས་ཀྱིས་རོགས་རམ་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ། དོན་ངོ་མའི་མི་རིགས་མཐུན་སྒྲིལ་ཟེར་བ་དེའང་འདི་རེད། མིག་སྔའི་བར་ངས་རང་ནུས་ཅི་ལྕོགས་ཀྱིས་སྒོར་ལྔ་འབུམ་ལྷག་གིས་རོགས་སྐྱོར་བྱས་ཟིན། གལ་ཏེ་འཆར་གཞི་ལྟར་འོང་སྲིད་ན། རང་ཉིད་མ་འཆི་བར་དུ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་བྱ་རྒྱུ་དེ་སེམས་ཀྱི་ཆེས་ཟབ་ན་ཉར་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།