མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་དྲུག་ལོན།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྒྲུབ་
མི་སྣ་ཡོངས་ཀྱིས་རྒྱ་ཆེ་བའི་དྲ་གྲོགས་རྣམས་ལ་བཀའ་དྲིན་ཞུ།
ཟླ11པའི་ཚེས28ཉིན་ནི་མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་དྲུག་ལོན་པའི་ཉིན་མོ་ཡིན་ལ། དེ་རིང་འཛམ་གླིང་དྲིན་འཇལ་གྱི་དུས་ཆེན་ཉིན་མོ་དང་བསྡོངས་ཏེ། མཚོ་སྔོན་པོ་དྲ་བའི་ལས་སྒྲུབ་པ་རྣམས་ཀྱིས་རྒྱ་ཆེ་བའི་དྲ་གྲོགས་དང་། དྲ་བ་འདི་གའི་འཕྲིན་འགོད་པ། ཆེད་ཞུ་གསར་འགོད་པ་རྣམས་ལ་ལྷག་བསམ་འཁོལ་བའི་ངང་བཀའ་དྲིན་ཞུ་བ་ཡིན་ཏེ། ལོ་འདི་འགའི་རིང་། རྣམ་པ་ཚོས་དྲ་བ་འདིར་གཟིགས་རྟོགས་དང་ཐུགས་ཁུར། བསམ་འཆར་འདོན་པ་སོགས་ནུས་པ་གང་ལེགས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་བར་ནམ་ཡང་བརྗེད་མཐའ་བྲལ་ཞིང་། ཏག་ཏག་རྣམ་པ་ཚོའི་བརྩེ་སེམས་དང་རྒྱབ་སྐྱོར་ལས་མཚོ་སྔོན་པོ་དྲ་བ་མུ་མཐུད་དུ་མདུན་སྐྱོད་དང་འཕེལ་རྒྱས་ཀྱི་ལམ་དུ་ཕྱོགས་ཐུབ་པ་བྱུང་བས་ཁྱེད་རྣམ་པར་སྙིང་ནས་གུས་འདུད་ཞུ།
མཚོ་སྔོན་པོ་བོད་ཡིག་དྲ་བ་དང་རྒྱ་ཡིག་དྲ་བ། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དང་རྒྱ་ཡིག་ཟིན་བྲིས་སོགས་མངོན་གསལ་དུ་འཕེལ་རྒྱས་བྱུང་བའི་རྨང་གཞིའི་སྟེང་། ད་ལོར་ཡང་བོད་ཡིག་འཚོལ་བཤེར་མ་ལག་སྔོན་འདོན་ལས་གཞི་ཆེན་མོའི་འགན་ཕྲག་ལྕི་མོ་དང་དུ་བླངས་ཏེ་དངོས་སུ་ལས་མགོ་བརྩམས་པ་སྟེ། ད་ལོའི་ལོ་མགོར་ལས་གཞིའི་འཛུགས་སྐྲུན་མ་དངུལ་བརྩོན་ལེན་བྱས་པ་དང་བསྟུན། རྒྱལ་ནང་གི་འབྲེལ་ཡོད་ཆེད་མཁས་གདན་འདྲེན་ཞུས་ཏེ་ཁྲིད་སྟོན་གནང་བ་མ་ཟད། རྒྱལ་ནང་གི་སློབ་ཆེན་སོ་སོ་དང་ཁེ་ལས་སོགས་སུ་ཡུལ་དངོས་གཟིགས་ཞིབ་བྱེད་པར་བརྒྱུད་ལས་གཞི་འཛུགས་སྐྲུན་གྱི་མཉམ་འབྲེལ་སྡེ་ཁག་འཚོལ་ཞིབ་སོགས་དཀའ་ཁག་ཆེ་བའི་གོ་རིམ་མང་པོར་བརྒྱུད་མཐར། ལས་གཞི་མཉམ་འབྲེལ་སྡེ་ཁག་གི་མ་ལག་བཙུགས་ཏེ་ཉེ་དུས་སུ་མཉམ་འབྲེལ་སྡེ་ཁག་སོགས་དང་ཆིངས་ཡིག་བཞག་ནས་ལས་གཞི་སྔོག་འདོན་བྱ་བ་དངོས་སུ་མགོ་བརྩམས་ལ། མིག་སྔར། ལས་གཞི་འདིའི་བོད་ཡིག་དྲིས་ལན་མ་ལག་གི་ཡིག་གཏག་ལས་ཀ་སྒྲུབ་བཞིན་པའི་སྒང་ཡིན།
གཞན་ཡང་། 2014ལོ་ཐོན་ལ་ཉེ་ཞིང་། ལོ་གསར་བའི་ནང་ང་ཚོས་སྔར་བཞིན་རང་འགུལ་དང་ཡར་བསྐྱེད་ཀྱི་བྱ་བའི་རྣམ་འགྱུར་གྱིས་མཚོ་སྔོན་པོ་དྲ་བའི་ལས་ལ་གཞོལ་ཏེ་དྲ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་རྒྱུ་དང་། ནན་ཏན་གྱིས་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དང་རྒྱ་ཡིག་ཟིན་བྲིས་དོ་དམ་དང་ཞིབ་བཤེར་ལ་ཤུགས་བསྣན་ཏེ་དྲ་རྒྱ་གཏན་འཇགས་ངང་འཕེལ་རྒྱས་དང་། འཕྲིན་འགོད་པའི་རུ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་དྲ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཆབས་ཅིག བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་ལས་གཞི་འཛུགས་སྐྲུན་གྱི་བྱ་བ་མུ་མཐུད་དུ་སྤེལ་ནས་ཕན་འབྲས་ལེགས་པོ་ལེན་རྒྱུ་སོགས་ལས་དོན་མང་པོར་བློ་བརྟན་འགྱུར་མེད་དང་ཤེས་རྟོག་ཆེན་མོས་གཞོལ་ངེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com