དད་ལྡན་མང་ཚོགས་ཀྱིས་སེ་རའི་ཕུར་མཇལ་དུས་ཆེན་རོལ་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-26 11:01:00 ཀློག་གྲངས།:

色拉寺金刚橛拜谒日
རྟ་མགྲིན་ཡང་གསང་ཡབ་ཡུམ་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ།

  ལུགས་གསར་གྱི་ཟླ2པའི་ཚེས26ཉིན་དེ་བོད་ལུགས་ཀྱི་ཟླ12པའི་ཚེས27ཉིན་ནི་ལོ་རེར་ཐེངས་གཅིག་ལ་སྤེལ་བཞིན་པའི་ལྷ་སའི་སེ་ར་དགོན་པའི་བྱེས་གྲྭ་ཚང་དུ་ཡོད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་བ་མཇལ་བའི་དུས་ཆེན་ཞིག་ཡིན་ཞིང་། མདོ་དབུས་ཁམས་གསུམ་ནས་ཡོང་བའི་དད་ལྡན་མང་ཚོགས་རྣམས་ནངས་སྔ་མོ་ནས་སེ་ར་དགོན་པར་ཡོང་ནས་མཆོད་མཇལ་གནང་བ་རེད།

སེ་རའི་ཕུར་མཇལ་གྱི་བྱུང་འཕེལ་ངོ་སྤྲོད།
  སེ་ར་དགོན་པའི་བྱེས་གྲྭ་ཚང་དུ་ཡོད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་མཇལ་བའི་དུས་ཆེན་དེར་ཡོངས་གྲགས་སུ་སེ་ར་ཕུར་མཇལ་ཞེས་ཟེར།  བྱེས་མཁས་མང་འདུས་པའི་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་ཡབ་ཡུམ་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས་ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱེད་ཡི་དམ་འདི་དང་ཕུར་པ་འདི་མ་བྲལ་བར་གྱིས་ཞེས་ཕུལ་བར་གྲགས།
  དེའང་དང་ཐོག་ཕུར་པ་འདི་ནི་གྲུབ་ཐོབ་འདར་ཕྱར་གྱི་གཏེར་མ་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་སྐོར་སྔར་སློབ་དཔོན་ཆེན་པོས་བཙན་པོ་ལ་དབང་རྒྱུད་གདམས་པ་དང་བཅས་གནང་ནས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་པ་སེ་བ་ལུང་གི་བྲག་ལ་གཏེར་དུས་སྦས་པ་གྲུབ་ཐོབ་འདར་ཕྱར་བས་གཏེར་ལས་ཕྱུང་།  དེ་ནས་གཙང་དུ་བྱོན།  ས་པཎ་སྐྱིད་གྲོང་དུ་ཕེབས་པ་དང་མཇལ།  འདར་ཕྱར་ཞལ་འཆོལ་ནས་ཨོམ་བཛྲ་ཀྱི་ལི་ཀྱི་ལི་ཡ་ཞེས་གསུངས་པས་ས་པཎ་གྱིས་དེ་མ་དག་བཛྲ་ཀི་ལི་ཀི་ལི་ཡ་ཟེར་བ་ཡིན་གསུངས་པར་འདར་ཕྱར་གྱིས་སྔར་ཡང་བཛྲ་ཀྱི་ལི་ཡ། ད་ཡང་བཛྲ་ཀྱི་ལི་ཡ།  སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་ས་བྲག་ལ་ཕུར་པ་བཏབ་པ་འདམ་ལ་ཟུག་པ་དང་ཁྱད་པར་མེད་པ་བྱུང་བས་ས་པཎ་གྱིས་ཁོང་གྲུབ་ཐོབ་ཏུ་མཁྱེན་ནས་ང་མུ་སྟེགས་པ་དང་རྩོད་དུ་འགྲོ་བ་ཡིན་པས་དེའི་གྲོགས་སུ་ཁྱེད་འབྱོན་དགོས་གསུངས་ཏེ་མཉམ་དུ་ཕེབས།
  ས་པཎ་དང་མུ་སྟེགས་འཕྲོག་བྱེད་དགའ་བོ་གཉིས་ཉིན་བཅུ་གསུམ་བར་རྩོད་ནས་མཐར་ས་པཎ་རྩོད་པ་ལས་རྒྱལ་ཡང་གྲུབ་རྟགས་འགྲན་ཟེར་ནས་ནམ་མཁར་འཕུར་བས་ས་པཎ་གྱིས་འདར་ཕྱར་བོས།  འདར་ཕྱར་གྱིས་ཕུར་བ་བཏབ་པས་མུ་སྟེགས་པ་བྱ་ལ་རྡོ་ཕོག་པ་བཞིན་ས་ལ་ལྷུངས་ཤིང་རིང་མིན་ལྔ་ལམ་དུ་བཏང་།  རྗེས་སུ་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་པ་འདི་བཞག  རྗེས་སུ་རིམ་གྱིས་དར་ནས་ད་ལྟ་སེ་ར་ཕུར་མཇལ་ཞེས་ཟེར་བའི་རྒྱུན་འདི་བྱུང་བ་ཡིན་སྐོར་ཞིབ་པ་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཏུ་གསལ་བ་གང་ལྟར་ཕུར་པ་དེ་ཤིན་ཏུ་བྱིན་ཅན་ཞིག་ཏུ་རྩིས་ནས་ལོ་ལྟར་གོང་ཚེས་ཉིན་མཇལ་ཁ་གཏོང་བར་ཉེ་འདབས་གྲོང་གསེབ་པ་དང་ཡུལ་ཕྱོགས་གཞན་གྱི་གནས་མཇལ་བ་མཆོད་མཇལ་དུ་བསྐྱོད་སྲོལ་ཡོད་པ་དེང་སང་གི་བར་དུ་ཡང་སྲོལ་རྒྱུན་དེ་མ་ཉམས་པར་གནས་ལགས་སོ་ཞེས་གསུངས་པ་ལྟར་རོ།།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།