མང་ཡུལ་ཐུད་རོལ་སྡེ་བའི་ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་དུས་སྟོན་སྤེལ་བ།
སྐྱེས་ལྷ་དབང་ཆེན་སྟོབས་ལྡན་བསྟོད་བཞིན་པ།
ལོ་རེའི་ཟླ་ལྔ་བའི་ཚེས་བཅུ་བདུན(ལུགས་རྙིང)གྱི་ཉིན་མོ་ནི་མང་རྫོང་ཐུད་རོལ་སྡེ་བའི་སྐྱེས་ལྷ་ཙོང་ཁའི་སྐྱེས་རིའི་སྲས་པོ་དབང་ཆེན་སྟོབས་ལྡན་མཆོག་མཆོད་པའི་ཉིན་མོ་ཡིན་ལ། ད་ལོའི་ཟླ་ལྔ་བའི་ཚེས་བཅུ་བདུན་གྱི་ཉིན་མོར་ཡང་གནས་འདི་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེ་སྦྱིན་བདག་སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མ་དངུལ་བཏང་སྟེ་མང་རྫོང་ནས་ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་ཀྱི་དུས་སྟོན་གཟབ་རྒྱས་ཤིག་བཤམས།
བོད་ཁུལ་གྱི་མིང་གྲགས་གླུ་བ་གླུ་མ་དག་གིས་གླུ་གཞས་ཕུལ་བཞིན་པ།
ཐེངས་འདིའི་གཙོ་སྒྲུབ་པ་བློ་མཐུན་ཚེ་རིང་བཀྲ་ཤིས་ལ་མཚོན་ན། གནས་འདི་ནས་འཚར་ལོངས་བྱུང་སྟེ་གཉོམ་ལག་རྒྱས་པ་དང་། ས་གཞན་ནས་ལས་ཀ་གཉེར་ཏེ་ཁོ་ལག་རྒྱས་པའི་གཏོང་ཕོད་ལྡན་པའི་གཞོན་སྐྱེས་ཤེས་རབ་ཅན་ཞིག་ཡིན། ཁྱད་པར་དུ་ཐེངས་འདིའི་དུས་སྟོན་ལ་མཚོན་ན། ཁོས་རང་གི་འགྲོ་སྒོ་ལ་མ་བལྟས་པར་ཕ་ཡུལ་མི་དམངས་ཀྱི་བརྩེ་སེམས་ཡིད་ལ་དམ་པོར་བཅངས་ནས་གཟབ་རྒྱས་ཆེ་བའི་དུས་སྟོན་འདི་བཤམས་པར་མ་ཟད། ད་དུང་ལོ་ལོན་རྒན་པ་དང་སློབ་ཆེན་སློབ་མ་སོགས་ལ་རོགས་སྐྱོར་མ་དངུལ་གནང་སྟེ། རྒྱལ་ཆེན་གྱི་སྲས་པོའི་སྤྱོད་པ་ལྷུ་རུ་བླངས་པ་འདི་ནི་ཆོས་སྲིད་གང་ཐད་ནས་ བལྟས་ཀྱང་རླབས་ཆེ་ཞིང་དོན་དང་ལྡན་པའི་མཛད་པ་ཞིག་ཡིན་པས། སྙིང་ཐག་པས་བཀའ་དྲིན་ཆེ་ཞུ་འོས་པ་ཡིན།
ཁྱད་པར་དུ་ལོ་རྒྱུས་ཀྱི་ཀློང་དུ་བྱུང་མྱོང་བའི་ས་གནས་ཁག་གི་འགལ་ཟླ་ལེགས་པར་ཐག་གཅོད་བྱས་ཤིང་། ཆུ་བཟང་ལུང་བའི་མགོ་རྔ་རུ་ཡོད་པའི་རོང་འབྲོག་བར་གྱི་རྩོད་གླེང་རྣམས་ལེགས་པར་བསྡུམས་ཏེ། དྲི་མེད་ཀྱི་ཁ་བཏགས་དཀར་བོས་ཕན་ཚུན་གྱི་འཆམ་མཐུན་སེམས་པ་མངོན་པར་མཚོན་དུ་བཅུག་པ་འདི་ཡང་མི་སེམས་དྲོ་བའི་དོན་དག་ཡག་པོ་ཞིག་ཅི་ལ་མིན།
སྨན་བླ་སྐྱབས་ཀྱིས་གར་ཆུང་འཁྲབ་པ།
གཞན་ད་དུང་སྦྱིན་བདག་ཚེ་རིང་བཀྲ་ཤིས་ཀྱི་ཐུགས་བཀོད་ལྟར“དུས་ཐོག་ཆར་བ”ཞེས་པའི་སློབ་སྐུལ་རོགས་སྐྱོར་ཚོགས་པ་ཞིག་རོང་འབྲོག་སྡེ་བ་གཉིས་སྟེ། ཐུད་རོལ་དང་ཀ་རྒྱ་སྡེ་བ་ནས་ལེགས་པར་བཙུགས་པ་འདི་ཡང་ལྷག་བསམ་གྱིས་བཏེགས་པའི་དར་དཀར་གྱི་ཕོ་ཉ་ཞིག་ཡིན་ལ། ཕུགས་བསམ་གྱིས་བརྟས་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཀྱང་ཡིན་པས། སྡེ་བ་གཉིས་ཀས་སྦྱིན་བདག་འདིའི་རེ་འདུན་སྟོང་ཟད་དུ་མི་གཏོང་བར། མུ་མཐུད་དུ་རོགས་སྐྱོར་ཚོགས་པ་འདིའི་བདག་དོན་ལ་ཡག་ཐོག་ཡག་བརྩེགས་སྒོས་ཧུར་བརྩོན་བྱས་ནས་རྒྱུན་སྐྱོང་དགོས་རྒྱུ་མ་ཟད། ད་དུང་ཚོགས་པ་འདིས་བཏོན་པའི་རེ་འདུན་སྟེ། དྲང་བདེན་དང་འདྲ་མཉམ། དམངས་གཙོ་ཡི་ལྟ་ཚུལ་བཟུང་ནས་སྡེ་གཉིས་ཀའི་སློབ་ཆེན་སློབ་མར་རོགས་སྐྱོར་བྱས་ཏེ་དུས་ཐོག་ཏུ་འབབ་པའི་ཆར་བ་བཞིན་དོན་དང་ལྡན་པ་ཞིག་ཏུ་གཏོང་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད།
མདའ་འཕེན་པ།
ནང་སྒོས་སུ་ཁོས་རང་གིས་བསགས་པའི་མ་དངུལ་གྱིས་ཕ་ཡུལ་མང་ཚོགས་ལ་གཟིགས་མོ་རྒྱ་ ཆེ་བ་ཞིག་བཤམས་ཆེད་དུ། བོད་ཀྱི་མིང་དུ་གྲགས་པའི་རྡུང་ལེན་མཁན་པོ་དཔལ་མགོན་སོགས་གདན་དྲངས་ཏེ་བླངས་པའི་གཞས་རྣམས་ནི།མཁར་བྱམས་རྒྱལ་གྱིས《ལབ་ཙེ་མཐོན་པོའི་ཐོང་འོག་ན》ཞེས་པ་དང་། སྒྲོན་པེ་ཡི《ཨ་ཅེ་འབོག་མོ》དང《འབོག་མོའི་བཞོ་གླུ》། བཀྲ་ཤིས་ཉི་མའི《དིན་ཆེན་ཕ་མ》དང《སྦྲ་ནག》། ཀརྨ་བསྟན་དར་གྱི《ཆང་གཞས》། མཚོ་ཡག་གི《སྐོར་བྲོ》། དཀོན་མཆོག་རྒྱ་མཚོའི《སེམས་ཀི་འདུན་པ》། རིག་འཛིན་སྒྲོལ་མའི《ལྷན་འཛོམས》དང《བོད་མིའི་རྒྱན་ཆ》། ལུ་གུ་རྒྱལ་གྱི《ས་ཁ་རི་ཁ་སྟོད་འབྲོག་གི་ས》དང《 ཨ་ཞང་ལོ་ལོ》། བཀྲ་ཤིས་སྒྲོལ་མའི《སྒྲོལ་མ》དང《དྲིན་ཕ་ལོའི་ཞལ་གསུང་ཡིད་ལ་འཁོར》། སྨན་བླ་སྐྱབས་ཀྱི་གར་ཆུང《དབྱངས་གསལ་ལ་སྦྱར་པའི་ཚོགས་གཏམ》། ཀླུ་མོ་འཚོའི《ཕ་ཡུལ》དང《ཆུ་ལེན་བུ་མོ》། རྒྱལ་མཚན་གྱི《མི་ཡུལ་གི་དག་ཞིང》དང《ཕ་འཛོམས་མ་འཛོམས》། འོ་གཞུགས་སྐྱིད་ཀྱི《སྣང་བ་ཞིག་ལ》། རོ་རེ་ཚེ་བརྟན་གྱི《སྲོང་བཙན་སྒམ་པོ》། གླིང་འབྲུག་མོ་གཞས་ཚོགས་ཀྱི《སེམས་གཞས》། དཔལ་མགོན་གྱི《མཐོ་ལབ་ཙེའི་དབུ་འཕང་ཡར་ལ་བསྟོད》དང《ཟླ་བཞི་བ་དབྱར་གི་འགོ་མ་ རེད》། སྒྲོལ་མ་སྐྱབས་ཀྱི《ཕ་ཡུལ》དང《བོད་མི》། གཡང་སྐྱིད་འཚོའི《མང་ཡུལ་གསེར་གཞོངས་རིང་མོ》སོགས་སྟོད་ཆ་བྱས་ཏེ་འཁྲབ་སྟོན་ བྱས། གཞན་ད་དུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གླུ་གར་ཚོགས་པས་ཀྱང་རྒྱ་བཟའ་ ཀོང་ཇོ་གཙོ་བྱས་གཞས་དང་ཞབས་བྲོ་སྨད་ཆ་བྱས་ཏེ་དེའི་མཇུག་མཐུད་དེ་དུས་ཚོད་ གཉིས་ལྷག་ལ་འཁྲབ་སྟོན་བྱས་པས། མང་རྫོང་མི་དམངས་ཀྱིས་ལག་ཟུང་ཐལ་མོ་ལྷང་ལྷང་ངང་དགའ་བསུ་ཆེན་པོ་བྱས།
རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།
དེའི་ཕྱི་ཉིན་ནས་བཟུང་། རོང་འབྲོག་ཟུང་གི་འགྲན་བསྡུར་དངོས་སུ་འགོ་བརྩམས། རོང་བ་དག་ལ་མཚོན་ན་མདའ་འཕེན་དང་བཙིར་འཇིག་ལ་གོམས་ཡོད་པས་ཁོ་ཚོར་དེའི་སྐོར་ནས་འགྲན་བསྡུར་བྱས་ལ། འབྲོག་པ་དག་ལ་མཚོན་ན་རྟ་རྒྱུགས་དང་རི་གླུ་ལ་གོམས་ཡོད་པས་ཁོ་ཚོར་དེའི་སྐོར་ནས་འགྲན་བསྡུར་བྱས།
དུས་སྟོན་དངོས་སུ་མཇུག་སྒྲིལ་བ།
ཐེངས་འདིའི་འགྲན་བསྡུར་ལ་རོང་འབྲོག་སྡེ་བ་གཉིས་སྟེ། མང་ཡུལ་ཐུད་རོལ་དང་ཐར་ཤུལ་ཞང་གི་ཀ་རྒྱ་སྡེ་བ་གཉིས་གཙོ་བྱས་ཉེ་འཁོར་སྡེ་བའི་རྟ་བ་དོན་དྲུག་དང་མདའ་བ་རུ་ཁག་དགུ གླུ་བ་བཅུ་གཉིས། འཇིག་པ་བཅུ་གསུམ་བཅས་དངོས་སུ་འགྲན་བསྡུར་ལ་ཞུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com