
བོད་ལྗོངས་བོད་སྐད་ཨུའི་འགོ་གཙོ་གཞོན་པ་ཆོས་གྲགས་སོགས་ཀྱིས་མཚོ་ལྷོ་ཁུལ་བོད་སྐད་ཨུ་རུ་རྟོག་ཞིབ་བྱས།
ཟླ7པའི་ཚེས21ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(བོད་ལྗོངས་སྒྲིག་བསྒྱུར་ཅུའུ)གི་ཀྲུའུ་རིན་གཞོན་པ་ཆོས་གྲགས་དང་། སྐད་དང་ཡི་གེ་དོ་དམ་ཁྲུའུ་ཡི་འགོ་གཙོ་བསོད་ནམས་རྡོ་རྗེ་དང་འགོ་གཙོ་གཞོན་པ་ལྷག་པ་ཚེ་རིང་སོགས་སྐོར་དང་བཅས་པ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་གྲོ་ཚང་ཚེ་རིང་སོགས་དང་ལྷན་དུ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ་རྟོག་དཔྱད་གཟིགས་ཞིབ་ཏུ་ཕེབས།

མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་བྱ་བའི་སྙན་ཞུ་ལ་གསན་པ།
ཆོས་གྲགས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། ཐེངས་འདིར་མཚོ་ལྷོར་སླེབས་པའི་དམིགས་ཡུལ་གསུམ་ཡོད་དེ། གཅིག་ནས་སྤུན་ཟླའི་ཞིང་ཆེན་དང་ས་ཁུལ་གྱིས་བོད་སྐད་ཡིག་བྱ་བའི་ཐད་ཀྱི་བྱེད་ཐབས་སློབ་སྦྱོང་དང་རྟོག་ཞིབ་དང་། བོད་སྐད་ཨུ་གཞུང་ལས་ཁང་སོ་སོའི་མིག་སྔའི་གནས་བབ་དང་འཕེལ་སྟངས་རྒྱུས་ལོན་བྱེད་པ། གཉིས་ནས་ད་ལྟ་སྤེལ་བཞིན་པའི《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》བཟོ་བཅོས་བྱ་བར་ཕྱོགས་སོ་སོའི་འདོད་བློ་དང་བསམ་ཚུལ་བསྡུ་ལེན་བྱེད་པ། གསུམ་ནས་བོད་ཁུལ་སོ་སོར་གཏིང་ཟབ་སྒོས་འབྲེལ་འདྲིས་བྱས་ཏེ་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱ་བ་འདི་ཡང་དག་པའི་ལམ་དུ་བསྐྱོད་རྒྱུ་དེ་ཡིན། མ་ཟད་ཁོང་གིས་ད་དུང་ནན་གྱིས་བསྟན་དོན། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》བཟོ་བཅོས་བྱ་བར་བསམ་ཚུལ་བསྡུ་ལེན་དང་། 《སྲོལ་ཡིག》འདིའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་བ་ནི་ཐེངས་འདིའི་བྱ་བའི་གཙོ་གནད་ཡིན། དེ་མིན་བོད་ལྗོངས་བོད་སྐད་ཨུ(བོད་ལྗོངས་སྒྲིག་བསྒྱུར་ཅུའུ)ཡིས་བོད་ལྗོངས་གཙོས་པའི་མཐུན་ཚོགས་ལྔའི་གཞུང་ལས་ཁང་འཛུགས་རྒྱུ་ཡིན་ཏེ། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ། དེ་མིན་པེ་ཅིང་ཡང་ཁ་རུ་བསྣན་ན་མཐུན་ཚོགས་དྲུག་གི་གཞུང་སྒྲུབ་ཁང་དུ་ངེས་ཤིང་། ས་གནས་སོ་སོའི་བོད་སྐད་ཨུ་གཞུང་ལས་ཁང་དང་འབྲེལ་འདྲིས་ཀྱི་བར་སྟོང་དང་སྟེགས་བུ་བསྐྲུན་ཏེ་སྔར་ལས་ལྷག་པར་བོད་སྐད་ཡིག་བྱ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ལེགས་པོར་ཞབས་ཞུ་དང་སྐུལ་འདེད་གཏོང་བ་ཡིན།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(བོད་ལྗོངས་སྒྲིག་བསྒྱུར་ཅུའུ)གི་
འགོ་གཙོ་ཆོས་གྲགས་ཀྱིས་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད་གནང་བ།
རྟོག་ཞིབ་བྱེད་པའི་སྐབས་སུ། མཚོ་ལྷོ་ཁུལ་བོད་སྐད་ཨུའི་རྩ་འཛུགས་འོག་གླེང་མོལ་གྲོས་ཚོགས་བསྡུས་ཤིང་། དེར་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའི་འབྲེལ་ཡོད་འགན་ཁུར་བ་གདན་འདྲེན་ཞུས་ཏེ་མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གསོའི་གནས་བབ་དང་སློབ་གསོ་བྱེད་ཐབས། མཐོ་རྒྱུགས། དེ་མིན་མི་རིགས་སློབ་ཆེན་གྱི་མཐར་ཕྱིན་སློབ་མས་གཞུང་ཞབས་པ་དང་ལས་དོན་སྡེ་ཚན་ལ་རྒྱུགས་ལེན་བྱེད་སྟངས། དེ་མིན་རྒྱུགས་ལེན་གོ་རིམ་ཁྲོད་བོད་སྐད་ཡིག་གི་བཀོལ་སྤྱོད་བསྡུར་ཚད་སོགས་ཀྱི་ཐད་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་མ་ཟད་བོད་ལྗོངས་དང་བོད་ཁུལ་གཞན་དང་ཞིབ་བསྡུར་དང་། ས་ཁུལ་སོ་སོ་ཁྱད་འཕགས་རང་བཞིན་དང་གནད་དོན་ཐད་དབྱེ་ཞིབ་བྱས་པར་བརྟེན། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》གི་ཁ་གཟབ་དང་བཟོ་བཅོས་བྱ་བར་ཆ་འཕྲིན་མི་ཉུང་བ་མཁོ་འདོན་གནང་།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》སྒྲིག་བཟོ་བྱེད་ཀྱི་ཡོད་ཅིང་། ཁྲིམས་ལུགས་ཀྱི་རྣམ་པས་བོད་སྐད་ཡིག་གི་བཀོལ་སྤྱོད་འཕེལ་རྒྱས་ལ་འགན་སྲུང་བྱེད། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལུགས》སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་དང་སྦྱར་ནས་སྒྲིག་བཟོ་བྱེད་པ་ཡིན། མིག་སྔར། བོད་ལྗོངས་བོད་སྐད་ཨུས(བོད་ལྗོངས་སྒྲིག་བསྒྱུར་ཅུའུ)《སྲོལ་ཡིག》འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པར་མཉམ་འབྲེལ་གྱིས《སྲོལ་ཡིག(འཆར་ཟིན)》གི་བཟོ་བཅོས་ཐེངས་བཞི་བ་ལེགས་འགྲུབ་བྱས་ཤིང་། 《སྲོལ་ཡིག》ད་ལོའི་ཟླ9བར་དངོས་སུ་འདོན་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་སློབ་རན་བྱིས་པས་གཞི་རྩའི་རྒྱལ་དམངས་སློབ་གསོ་མྱོང་བར་ཁག་ཐེག་བྱེད་པ་དང་ཆབས་ཅིག བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་ལྷག་པར་སློབ་མའི་ཕ་སྐད་ནུས་ཤུགས་སྐྱེད་སྲིང་ལ་བརྩོན་པ་ཡིན། མ་འོངས་ལོ་འགའི་ནང་། བོད་སྐད་ཡིག་བྱ་བའི་གནད་འགངས་ནི་སྔར་བཞིན་བོད་སྐད་ཡིག་ཚད་ལྡན་བཀོལ་སྤྱོད་དང་། སློབ་གྲྭ་སོ་སོའི་བོད་སྐད་ཡིག་གི་སློབ་གསོ་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དེ་ཡིན། ཆོས་གྲགས་ཀྱིས་བཤད་རྒྱུར། བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་ཁྲིམས་ལུགས་ཅན་གྱི་ལམ་དུ་འགོད་པ་ནི་བོད་སྐད་ཡིག་བྱ་བར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྡེ་ཁག་སོ་སོའི་མཐོང་ཆེན་ཆེན་པོ་བྱས་པའི་རྟགས་ཡིན་ལ། བོད་སྐད་ཡིག་ཉམས་མེད་ཅེས་ཟེར་བ་ནི་གླེང་རྒྱུ་མེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་གཏོང་བར་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་ལོ་ངོ20རིང་སྟེ། 1987ལོར《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་གཏོང་བའི་གཏན་འབེབས་འགའ》ཞེས་པ་སྒྲིག་བཟོ་གནང་བ་དང་། 1997ལོར་བོད་ཡིག་སྒྲིག་ཨང་རྒྱལ་སྤྱིའི་ཚད་ལྡན་དེ་རྒྱལ་སྤྱིའི་ཚད་ལྡན་རྩ་འཛུགས་ཀྱི་ཁས་ལེན་ཐོབ་སྟེ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་ཁྲོད་རྒྱལ་སྤྱིའི་ཚད་ལྡན་གྱི་ཡི་གེ་ཐོག་མ་རུ་གྱུར། 2002ལོར་བོད་ལྗོངས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་དང་བསྟུན་ནས་སྔར་གྱི《གཏན་འཁེལ》གྱི་རྨང་གཞིའི་སྟེང་ཡང་བསྐྱར《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་ཀྱི་གཏན་འཁེལ》བཟོ་བཅོས་གནང་ལ། དེའི་རྗེས་ལོ12ནང་། བོད་ལྗོངས་ཀྱིས《སྲོལ་ཡིག》གསར་བ་ཡང་བསྐྱར་ལག་བསྟར་དང་ཁྱབ་བསྒྲགས་གནང་བ་དང་། ཁྲིམས་ལུགས་ཀྱི་རྣམ་པས་བོད་སྐད་ཡིག་གི་བཀོལ་སྤྱོད་དང་འཕེལ་རྒྱས་ལ་འགན་སྲུང་བྱས།

བགྲོ་གླེང་ཚོགས་འདུའི་སྟེང་ཚང་མས་ལྟ་ཚུལ་དང་འདོད་བློ་ལྷུག་པོར་བརྗོད་པ།
གཞན་ཡང་། བོད་ལྗོངས་བོད་སྐད་ཨུའི(བོད་ལྗོངས་སྒྲིག་བསྒྱུར་ཅུའུ)འགོ་གཙོ་གཞོན་པ་ཆོས་གྲགས་སོགས་སྐོར་དང་བཅས་པས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་གཟིགས་ཞིབ་གནང་སྟེ་ལྟེ་གནས་ཀྱི་གཞི་རྩའི་གནས་ཚུལ་དང་བྱ་བའི་འཕེལ་སྟངས་ལ་རྒྱུས་ལོན་བྱས་ཤིང་། མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་དྲ་བ་དང་། ད་ལྟ་འཛུགས་སྐྲུན་གནང་བཞིན་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་ལས་གཞི་ལ་ཁས་ལེན་དང་གདེང་འཇོག་ཆེན་པོ་གནང་ལ། མཚོ་ལྷོ་ཁུལ་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་ཐད་ནས་གཟེངས་སུ་ཐོན་པ་དང་། བོད་ཡིག་ཆ་འཕྲིན་ཅན་གྱི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པར་བསྟོད་བསྔགས་མཛད།