མཚོ་སྔོན་ཁྲི་ཀ་སྟག་རིག་སྡེ་བས་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤྲོ་ཚོགས་བསྡུས་པ།

རྩོམ་པ་པོ།:སྐལ་བཟང་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-03 10:39:00 ཀློག་གྲངས།:


མཚོ་སྔོན་ཁྲི་ཀ་སྟག་རིག་སྡེ་བས་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤྲོ་ཚོགས་བསྡུས་པ།
མཚོ་སྔོན་ཁྲི་ཀ་སྟག་རིག་སྡེ་བས་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤྲོ་ཚོགས་བསྡུས་པ།
མཚོ་སྔོན་ཁྲི་ཀ་སྟག་རིག་སྡེ་བས་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤྲོ་ཚོགས་བསྡུས་པ།

  རིགས་མཐུན་གྱི་གོམས་སྲོལ་ལེགས་པོ་དར་སྤེལ་དང་། མཚོ་ལྷོ་ཁུལ་ཁྲི་ཀ་སྟག་རིག་སྡེ་བའི་ཕྱག་སྲོལ་བཟང་བོ་རྒྱུན་མི་ཆད་པའི་ཕྱིར་དུ། 2015ལོའི་ལུགས་རྙིང་གི་ལོ་སར་ཚེས་གཉིས་ཉིན། རང་སྲོལ་ལྟར་སྟག་རིག་སྡེ་བའི་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྐབས་བཅུ་གཅིག་པ་དེ་མ་མགོ་མའི་གཞུང་ཁང་དུ། ཡུལ་ལྷ་གཞི་བདག་ལ་བསང་མཆོད་རྒྱ་ཆེན་བྱས་རྗེས་ཀྭི་ཀྭི་སྭོ་སྭོའི་དགའ་འབོད་ཁྲི་སྟོང་གི་ཁྲོད་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
  སྤྲོ་ཚོགས་འདིར་སྟག་རིག་སྡེ་བའི་སྐྱབས་མགོན་ནམ་ཐིས་པ་བཀྲ་ཤིས་ཆོས་རྫོང་གི་དགོན་བདག་ཐིས་པ་ཡང་སྤྲུལ་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གཙོ་མཛད་པའི་གྲྭ་བཙུན་རྣམས་དང་སྡེ་བའི་ལས་བྱེད་པ་དང་ཚོང་བ། སྡེ་མི་རྒན་དར་གཞོན་གསུམ་ཡོངས་ཞུགས་པར་མ་ཟད། ཕྱོགས་ཡོངས་ཀྱི་ལྟད་མོ་བའང་མང་པོ་འདུས། ད་ལོའི་གཉེར་བ་གཉིས་ཀས་རང་འགན་ཕྲག་བླངས་བྱས་འོག སྡེ་བའི་ལས་བྱེད་དང་ཚོང་བ་གཙོ་བའི་ཞལ་འདེབས་སྒོར 10850འཛོམས་ཤིང་། དེ་དག་གིས་སྡེ་བའི་ལོ་བདུན་ཅུ་བརྒལ་བའི་ལོ་ལོན63(ད་ལོར་སྟག་རིག་ཤོག་ཁ་བཞིའི་ཡ་གྱལ་ཏེ་ཨ་སྐོང་དང་ཁྲོ་རྒྱའང་འདུས་པས་ལོ་ལོན73ཡོད)ལ་ལོ་སར་གྱི་ལེགས་སྐྱེས་སྒྲ་སྡུད་འཕྲུལ་ཆས་རེ་གནང་། ཆབས་ཅིག་ཞལ་འདེབས་ཀྱི་འཛོམས་སྒོར་ལས་ཉུང་ཤས་ཤིག་བླངས་ཏེ་གཙོ་སྒྲུབ་ཤོག་ཁ་ལ་བྱིན་ཞིང་། དེས་སྤྲོ་ཚོགས་ཀྱི་ཉིན་དེར་འདུས་པའི་མི་གཅིག་ཀྱང་མ་ལྷག་པར་ལོ་ཇ་འགྲངས་ཙམ་པ་ཞིག་བླུད། ཞོར་དུ་ཐེངས་འདིའི་གཙོ་སྒྲུབ་རུ་ཁག་སྟེ་མ་མགོ་མའི་ན་གཞོན་བྱིས་པ་རྣམས་དང་ལས་བྱེད་འཐུས་ཚབ་པས་དེ་རིང་གི་སྤྲོ་ཚོགས་འདིར་གླུ་གླུ་དབྱངས། རྩེད་རིག་ཨ་རྩེད་སོགས་ཕུན་སུམ་ཚོགས་པའི་འཁྲབ་སྟོན་གྱ་ནོམ་པ་ཞིག་རྒྱ་ཆེའི་ལྟད་མོ་བའི་སྤྱན་ལམ་དུ་ཕུལ།


མཚོ་སྔོན་ཁྲི་ཀ་སྟག་རིག་སྡེ་བས་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤྲོ་ཚོགས་བསྡུས་པ།

  སྟག་རིག་སྡེ་བའི་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་ཞེས་བྱ་བ་ནི་སྟག་རིག་གི་ལས་བྱེད་པ་དང་ཚོང་བ་གཙོ་བྱས་པའི་སྡེ་མི་རྣམས་ཀྱིས་རང་མོས་ཞལ་འདེབས་ཕུལ་ཏེ་ཡ་རབས་ཀྱི་སྤྱོད་བཟང་གསོ་བར་སྐུལ་བའི་བྱ་འགུལ་ཞིག་ཡིན་ཞིང་།སྤྱི་ལོ2004ལོ་ནས་སྤེལ་མགོ་ཚུགས་པ་ནས་ད་བར་ཁྱོན་བསྡོམས་ལོ་འཁོར་བཅུ་གཅིག་སོང་བའི་རིང་སྤེལ་རྒྱུན་ཟམ་མ་ཆད་པར་ཇེ་ལེགས་ཇེ་རྒྱས་ངང་ཡང་དག་སྐྱོང་མུས་སུ་མཆིས།
  ལོ་སར་དུས་སྟོན་འདིའི་དམིགས་འབེན་གཙོ་བོ་ནི་རྒན་པར་བཀུར་བསྟི་དང་ཆུང་བར་བྱམས་སྐྱོང་བྱེད་རྒྱུ་དེ་ཡིན་ལ། བྱ་བ་འདི་ལོ་སར་ནང་འཇོག་དོན་ཡང་ལོ་སར་གྱི་ཁྲོམ་ཚོགས་བེད་སྤྱད་དེ་སྡེ་བའི་རྒན་པ་ལ་ལོ་སར་ལེགས་སྐྱེས་སྟེར་བ་དང་ཆབས་ཅིག་རྒན་པར་བསྙེན་བཀུར་བྱེད་དགོས་པ་དང་ཕ་མར་གཅེས་སྐྱོང་བྱེད་དགོས་པའི་སློབ་གསོ་བརྒྱབ་སྟེ། སྔར་ཡོད་ཀྱི་རྒན་བཀུར་ཆུང་སྐྱོང་གི་དཔེ་སྲོལ་བཟང་བོ་མི་ཉམས་གོང་སྤེལ་གཏོང་རྒྱུ་དེ་ཡིན།
  ཞལ་འདེབས་ཀྱི་ཡོང་ཁུངས་གཙོ་བོ་ནི་ལས་བྱེད་པ་ཡིན་ཞིང་། དེ་ཚོས་རང་མོས་བཞིན་སྟེར་ཆོག་པ་ཡིན། གཞན་ཡང་སྡེ་འདིའི་གྲྭ་བ་དང་ཚོང་བ་། འབངས་མི་ཕལ་བའི་ནང་དུའང་སྤྱི་སེམས་ཅན་མང་དུ་འབུལ་མཁན་བྱུང་བས་ཡ་རབས་ཀྱི་སྤྱོད་པ་ལ་དགའ་བའི་དཔུང་སྡེ་ཞིག་སྟོབས་ཤུགས་ལྡན་པ་དང་། གཞི་རྒྱ་ཆེ་བའི་ངང་ཆེ་ཆེར་འཕེལ་ཏེ་ཉམས་དགའ་བའི་རྣམ་པའི་ཕྱོགས་སུ་འགྲོ་བཞིན་པའི་ཚུལ་འདི་མཐོང་སྟེ། ཡུལ་ཕྱོགས་འདིའི་བླ་སྦྲུལ་མང་པོ་ཡུལ་སྡེ་གང་དུ་ཕེབས་ས་ནས་སྟག་རིག་གི་རྒན་བཀུར་གྱི་ལས་འདིར་ཡི་རངས་དང་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གཏོང་ཞིང་།ཁྲི་ཀ་རྫོང་གི་ས་ཆ་འགས་སྟག་རིག་མིག་དཔེར་བཟུང་ནས་ལས་འདིའི་རིགས་ལ་འབད་བརྩོན་བྱས་དང་བྱེད་བཞིན་མཆིས་པས་གནས་འདིར་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་འདི་དར་སྤེལ་གྱི་རྦ་རླབས་འཕྱུར་མགོ་བརྩམས་ཡོད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།