པེ་ཅིན་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་ཕྱེས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-11 12:02:00 ཀློག་གྲངས།:

པེ་ཅིན་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་ཕྱེས་པ།
པེ་ཅིན་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་དངོས་སུ་ཕྱེས་པ།

     ཉེ་ལམ། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། པེ་ཅིན་ཙོང་ཁ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་གནང་བའི་པེ་ཅིན་རེབ་གོང་སྒྱུ་རྩལ་པེ་ཅིན་དུ་བཙུགས།

     རྒྱུས་ལོན་པ་ལྟར་ན། པེ་ཅིན་རེབ་གོང་སྒྱུ་རྩལ་ཁང་ནི་ཐོང་ཧོས་ཧིའུ་འགྲམ་རིག་གནས་གསར་སྐྲུན་ཐོན་ལས་གླིང་དུ་ཆགས་ཡོད་ཅིང་། དེར་གསར་སྐྲུན་དང་། ཉར་ཚགས། ཞིབ་འཇུག འགྲེམ་སྟོན་བཅས་གཅིག་ཏུ་སྦྱར་བའི་ཕྱོགས་བསྡུས་རང་བཞིན་གྱི་རེབ་གོང་རིག་གནས་སྒྱུ་རྩལ་རྟེན་གཞི་ཞིག་ཡིན། སྒྱུ་རྩལ་ཁང་གིས་དུས་ཡུན་རིང་བོར་འཛམ་གླིང་རིམ་པའི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས2དང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས6སྐྱེས་སྟོབས་ལྡན་པའི་ངང་རྒྱལ་སའི་མི་དམངས་ལ་འགྲེམ་སྟོན་བྱེད་པ་ཡིན་ལ། འཛམ་གླིང་ན་འགྲན་ཟླ་བྲལ་བའི《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐྱེས་རབས་དཔེ་རིས》དང་། རྒྱལ་ཁབ་གཅེས་ནོར་རིམ་པའི་ཆིང་རྒྱལ་རབས་དུས་མགོའི་རིག་དངོས་ལྡེབས་རིས་ཐང་ག《དཔལ་དུས་ཀྱི་འཁོར་ལོ》། 《སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ》། དེ་མིན་མཐོ་ཚད་ལ་སྨི11དང་ཞེང་དུ་སྨི7ཅན་གྱི་ལག་བྲིས་ཐང་ག《དུས་གསུམ་སངས་རྒྱས》སོགས་ཡོད།

     ཉིན་དེར། ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལི་ཀྲུང་གིས་པེ་ཅིན་ཙོང་ཁ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་ནི་རྨ་ལྷོ་ཁུལ་རེབ་གོང་རིག་གནས་ཕྱི་ཕྱོགས་སུ་དྲིལ་སྒྲོག་འབྲེལ་འདྲིས་ཁྱབ་སྤེལ་གྱི་ལས་ཁུངས་ཡིན་པར་གཟེངས་རྟགས་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞོན་ཧྲིན་དང་། རྨ་ལྷོ་ཁུལ་དམངས་ཅན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་དང་རོང་བོ་དགོན་པའི་དགོན་བདག་ཨ་ལགས་ཤར་ཚང་གིས་ཞེང་དུ་སྨི7ཅན་གྱི་དུས་གསུམ་སངས་རྒྱས་ཀྱི་ཐང་ག་བཤམས་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་ཨ་ལགས་ཤར་ཚང་གིས་པེ་ཅིན་རེབ་གོང་སྒྱུ་རྩལ་ཁང་གི་སྒོ་བྱང་བཀལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།