གེ་སར་རྒྱལ་པོའི་ཁུ་བོ་ཁྲོ་ཐུང་གི་སྐུ་ཚེའི་ལོ་རྒྱུས་དང་ཤུལ་རྟེན་ཐད་ཀྱི་ཆེད་མཁས་པའི་བགྲོ་ཚོགས་བསྡུས་པ།

རྩོམ་པ་པོ།:སྟོབས་ལྡན་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-08-10 09:42:00 ཀློག་གྲངས།:


ངག་རྒྱུན་དུ་གྲགས་པའི་ཨ་ཁུ་ཁྲོ་ཐུང་གི་གཏོར་མ་རང་བྱོན།
གེ་སར་རྒྱལ་པོའི་ཁུ་བོ་ཁྲོ་ཐུང་གི་སྐུ་ཚེའི་ལོ་རྒྱུས་དང་ཤུལ་རྟེན་ཐད་ཀྱི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ་བསྡུས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་གཙོ་སྒྲུབ་པ་མགོ་ལོག་ཁྲ་གླིང་དགོན་གྱི་སྤྲུལ་སྐུ་དབང་རྒྱས་ཚང་སོགས་ཀྱིས་
ཨ་ཁུ་ཁྲོ་ཐུང་གི་འབྲེལ་ཡོད་ངག་རྒྱུན་སྐོར་ནས་ངོ་སྤྲོད་གནང་བཞིན་པའི་ཚུལ།

ངག་རྒྱུན་དུ་གྲགས་པའི་ཨ་ཁུ་ཁྲོ་ཐུང་གི་ཁྲོས་ཆུ་བྲག་དཀར་ཆུ་ཚན།

ངག་རྒྱུན་དུ་གྲགས་པའི་ཨ་ཁུ་ཁྲོ་ཐུང་གི་སྒོ་ཁྱི་ཁྲ་ཙེ།

ཐེངས་འདིའི་བགྲོ་གླེང་སྟེང་ཕེབས་པའི་འབབ་སྒྲུང་བ་ཨ་ལགས་རྡོར་བཟང་ཚང་དང་། མགོ་ལོག་ཁྲ་གླིང་
དགོན་པའི་སྤྲུལ་སྐུ་དབང་རྒྱས་ཚང་། གེ་སར་ཆེད་མཁས་པ་གཅོད་པ་དོན་གྲུབ།

གླིང་ཁྲོ་རྒྱལ་རིག་གནས་ཕོ་བྲང་གི་ཇུས་འགོད་དཔེ་རིས།

གེ་སར་ཆེད་མཁས་པ་དང་རླུང་བརྙན་འཕྲིན་གྱི་གསར་འགོད་པའི་མཉམ་པར།

     སྤྱི་ཟླ8པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱི་གེ་སར་རིག་གནས་ཞིབ་འཇུག་ཆེད་མཁས་པ་སྐོར་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཞང་དུ་སོང་ནས་ས་དེ་གའི་མ་བཞི་དཔོན་པོ་ཁྲོ་ཐུང་གི་གནས་ཤུལ་འགའ་ལ་དངོས་སུ་རྟོག་དཔྱོད་ཞིབ་འཇུག་བྱས་ཤིང་། ཚེས7ཉིན་གྱི་ཕྱི་དྲོའི་དུས་ཚོད2:00ཀྱི་སྟེང་མཚོ་སྔོན་པོ་དུང་དཀར་གནས་སྒོ་ནས་གེ་སར་རྒྱལ་པོའི་ཁུ་བོ་ཁྲོ་ཐུང་གི་སྐུ་ཚེའི་ལོ་རྒྱུས་དང་ཤུལ་རྟེན་ཐད་ཀྱི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ་བསྡུས།
     ཐེངས་འདིའི་བགློ་གླེང་ཚོགས་འདུ་ནི་མགོ་ལོག་ཁྲ་གླིང་དགོན་པའི་སྤྲུལ་སྐུ་དབང་རྒྱས་ཚང་གིས་གཙོ་སྒྲུབ་དང་གངས་ལྫོངས་ཀུན་ཕན་རིག་གནས་སྒྱུ་རྩལ་ཞབས་ཞུ་གླིང་གིས་རོགས་སྒྲུབ་བྱས་ཤིང་། བགྲོ་གླེང་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གེ་སར་སློབ་ཚོགས་ཀྱི་ཚོགས་གཙོ། རྒྱལ་ཁབ་རིམ་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་ཀྲུའུ་རིན། དགེ་རྒན་ཆེན་མོ་སྟོབས་ལྡན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་གི་གླིང་གཙོ་མིང་མེད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསོད་ནམས་རྒྱལ་མཚན། གེ་སར་འབབ་སྒྲུང་བ་ཨ་ལགས་རྡོར་བཟང་།  མཚོ་ལྷོ་ཁུལ་གྱི་གེ་སར་སྒྲུང་གི་ཞིབ་འཇུག་པ་དཔལ་ཆེན་རིག་འཛིན་སོགས་ཞིང་ཆེན་ཕྱི་ནང་གི་གེ་སར་ཆེད་མཁས་པ་བཅུ་ཕྲག་ལྷག་ཞུགས་ཡོད།
     རེབ་འདིའི་བགྲོ་གླེང་སྟེང་གེ་སར་རིག་གནས་སྤྱི་དང་བྱེ་བྲག་ཏུ་ཨ་ཁུ་ཁྲོ་ཐུང་གི་སྐུ་ཚེའི་ལོ་རྒྱུས་དང་ཤུལ་རྟེན་ཐད་ནས་གཙོ་བོར་བརྗོད་ཅིང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ལ། གནའ་བོའི་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ཅིག་ཀྱང་ཡིན། དེར་ཞིབ་འཇུག་བྱེད་པའི་དཔྱད་གཞིར་གལ་ཆེན་ཞིག་ཏུ་ངོས་འཛིན་བགྱིས་ལ། དེ་ལས་བོད་ཀྱི་ཆོས་ལུགས་དང་། དམག་དོན། ཆབ་སྲིད། དཔལ་འབྱོར། དམངས་སྲོལ། རྩོམ་རིག གླུ་གར་སོགས་རིག་གནས་ཀུན་འདུས་ཀྱི་གླེགས་བམ་ཆེན་མོ་ཞིག་ཏུ་གྲུབ་ཡོད། ཨ་ཁུ་ཁྲོ་ཐུང་ནི་གེ་སར་རྒྱལ་པོའི་ཁུ་བོ་ཡིན་ལ། གླིང་སྒྲུང་ལས་ཁོ་ནི་ཧ་ཅང་གལ་ཆེ་བའི་མི་སྣ་ཞིག་ཡིན། ཁོང་འཁྲུངས་མ་ཐག་དྲིན་ཅན་ཨ་མའི་འོ་མས་མ་སོས་འབྲི་མོར་བསྣུན། འབྲི་མོས་མ་སོས་རྒོད་མར་བསྣུན། རྒོད་མས་མ་སོས་ཁྱི་མོར་བསྣུན། ཁྱི་མོར་བསྣུན་ཏེ་ནར་སོན་པ་ན་མཚན་ལ་མ་བཞིའི་དཔོན་པོ་ཁྲོ་ཐུང་ཞེས་བཏགས། ད་སྐབས་ཀྱི་མཚོ་ལྷོ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ་པདྨ་འབུམ་རྫོང་ཞེས་པའི་གནས་དེའི་གཡས་གཡོན་དུ།  ཨ་ཁུ་ཁྲོ་ཐུང་གི་བཙན་སྟོད་རྫ་དམར་སྒང་དང་། རྟ་ཕུར། འཐབ་ར། སླ་ངའི་ཁ། ཁྱི་གུ་ཁྲ་ཙེ། ཁྲུས་ཁང་། རྡོ་གཏེར་ཁང་། སོ་ལྟ་སྒང་སོགས་འཛམ་གླིང་གེ་སར་རིག་གནས་ཀྱི་རྒྱབ་ལྗོངས་མཐུག་པོར་ཆགས་ཡོད་པའི་གནས་རི་ཁྱད་འཕགས་ཤིག་ཡིན་པར་ལོ་རྒྱུས་དང་བརྡ་ལུང་གིས་རྒྱབ་རྟེན་གནད་དུ་ཁེལ་བ་མང་པོ་ཡོད་ལ། སྤྲུལ་སྐུ་དབང་རྒྱས་ཚང་གིས་མ་འོངས་པར་ཁྲོ་རྒྱལ་གསང་ཆེན་དཔལ་གླིང་དུ་ཁྲོ་རྒྱལ་རིག་གནས་ཕོ་བྲང་ཞིག་ཀྱང་བཞེངས་རྒྱུའི་འཆར་འགོད་དཔེ་རིས་སོགས་ཀྱང་བྲིས་ནས་འགྲུབ་ཡོད་པ་རེད། བགྲོ་གླེང་འདིས་བོད་ཀྱི་དམངས་ཁྲོད་གེ་སར་རིག་གནས་རྒྱུན་འཛིན་དང་སྔོག་འདོན ། དར་སྤེལ། འཛུགས་སྐྲུན་བཅས་ཐད་དགེ་མཚན་ཆེན་པོ་བསྐྲུན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།