ལོ་སར་སྤྲོ་ཚོགས《མཛེས་པའི་གསེར་ལྗོངས། སྐྱིད་པའི་རེབ་གོང》ཞེས་པ་དེ་ཐུན་རིན་རྫོང་ནས་ཕབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག དུས་ཚོད།:2015-11-13 10:03:00 ཀློག་གྲངས།:


ཨ་མདོ་བརྙན་འཕྲིན་གྱི་དམངས་ཁྲོད་ལོ་སར་སྤྲོ་ཚོགས《མཛེས་པའི་གསེར་ལྗོངས། སྐྱིད་པའི་རེབ་གོང》
ཞེས་པ་དེ་ཐུན་རིན་རྫོང་ནས་ཕབ་པ།

     ཨ་མདོ་བརྙན་འཕྲིན་དང་ཐུན་རིན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས《མཛེས་པའི་གསེར་ལྗོངས།  སྐྱིད་པའི་རེབ་གོང》ཞེས་པ་དེ་སྤྱི་ཟླ11པའི་ཚེས9ཉིན་རོང་བོ་གྲོང་རྡལ་གཉན་ཆེན་ཚོ་བ་གསོལ་མགྲོན་ཁང་ནས་བརྙན་ཕབ་བྱས།  རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡོན་ཏན། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མའོ་ཕིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ། རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ། ཐུན་རིན་རྫོང་ཨུའི་ཧྲུའུ་ཅི་ཅང་ཧྲུའུ་ཁྲིན། རྨ་ལྷོ་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་འབྲུག་རྒྱལ་ཚེ་རིང་སོགས་འབྲེལ་ཡོད་མགོ་ཁྲིད་བརྙན་ཕབ་ཡུལ་དངོས་ལ་ཡོང་ནས་མང་ཚོགས་ལྟད་མོ་བ་ལྔ་བརྒྱ་ལྷག་དང་མཉམ་དུ་སྤྲོ་ཚོགས་ལ་བལྟས།
     ཨ་མདོ་བརྙན་འཕྲིན་གྱིས་ལོ་རེ་བཞིན་སྒྲུབ་བཞིན་པའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་དེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་ཐོག་མར་སྒྲུབ་མགོ་ཚུགས་པ་ཡིན་ལ།  ཨ་མདོ་བརྙན་འཕྲིན་གྱི་རིམ་པ་སོ་སོའི་མགོ་ཁྲིད་རྣམས་ཀྱི་ཐུགས་ཁུར་དང་ལས་བཟོ་བ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན།  དེ་མིན་ས་གནས་སོ་སོའི་སྲིད་གཞུང་དང་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས།  ལོ་ངོ་བཅུ་བདུན་ལྷག་གི་རིང་ལ།  དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱིས་མང་ཚོགས་ལ་ཁ་ཕྱོགས་ནས་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་དང་རིག་གནས་གཞི་རིམ་ལ་སྐྱེལ་བའི་བླང་བྱ་ལྟར་དུ།  ས་གནས་སོ་སོའི་སྲིད་གཞུང་ལ་མཉམ་འབྲེལ་གྱིས་ལོ་རེ་ལ་དམངས་ཁྲོད་ལོ་སར་སྤྲོ་ཚོགས་གཅིག་རེ་བསྡུས་ནས།  མདོ་སྨད་ཀྱི་ས་གནས་སོ་སོའི་བོད་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་དུ་གཏོང་བ་དང་།    མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་ནུས་པ་བླ་ལྷག་ཅིག་ཐོན་དང་འདོན་བཞིན་ཡོད་པས།  སྤྱི་ཚོགས་ཕྱོགས་ཡོངས་དང་སྒོས་སུ་དམངས་ཁྲོད་རིག་གནས་ལ་དུང་ཞེན་ཟབ་པའི་ལས་རིགས་སོ་སོའི་མི་སྣས་དགའ་བསུ་དང་རྒྱབ་སྐྱོར།  མཐོང་ཆེན་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ།  མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་ཞེས་ཀུན་གྱིས་ཤེས་ཤིང་དམངས་ཁྲོད་ལ་བག་ཆགས་དང་ཤུགས་རྐྱེན་ངེས་ཅན་ཆགས་ཡོད་པའི་སྤྲོ་ཚོགས་ཞིག་ཏུ་གྱུར་ཡོད་པ་རེད།

     ཨ་མདོ་བརྙན་འཕྲིན་གྱི་ཉིས་སྟོང་བཅུ་དྲུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་དེ་འབྲེལ་གཏུག་དང་གྲོས་མོལ་རབ་དང་རིམ་པ་བརྒྱུད་རྨ་ལྷོ་ཐུན་རིན་རྫོང་ནས་བསྡུ་བའི་གྲོས་ཐག་བཅད་དེ།  ཟླ་ངོ་གསུམ་གྱི་ཡར་སྔོན་ནས་བཟུང་གྲ་སྒྲིག་སྟ་གོན་གྱི་བྱ་བར་དངོས་སུ་ཞུགས།  ཐུན་རིན་རྫོང་ལ་ཞང་དང་གྲོང་རྡལ་བཅུ་གཉིས་ཡོད་པ་དང་སྤྱིའི་མི་འགོར་ཁྲི་དགུ་ཙམ་ཡོད་པའི་ནང་གི་བརྒྱ་ཆའི་བདུན་བཅུར་ཉེ་བ་བོད་རིགས་ཡིན་ཞིང་།  ལྷག་པར་དུ་མདོ་སྨད་རེབ་གོང་ཡུལ་འདི་སྔ་མོའི་རིང་ནས་མི་རིགས་རང་གི་རིག་གནས་ཀྱི་རྔམ་མཐུག་པའི་ཡུལ་གྲུ་ཞིག་ཡིན་པས།  ཡུལ་འདི་ན་སྔ་མོའི་རིང་ནས་བརྒྱུད་པའི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གླུ་གར་བྲོ་གསུམ་གྱི་རིག་གནས་སྣ་ཚོགས་གྲ་མ་ཆག་ཟུར་མ་ཉམས་པར་སྔར་མུས་བཞིན་གནས་ཡོད་པ་ཧ་ཅང་མང་བས།  ཏག་ཏག་ཟླ་ངོ་གཅིག་དང་ཕྱེད་ཀའི་རིང་ལ་ཐུན་རིན་རྫོང་གི་ཞང་དང་གྲོང་རྡལ་བཅུ་གཉིས་ཀྱི་བོད་རིགས་སྡེ་བ་རེ་རེར་མྱུལ་ནས་དམངས་ཁྲོད་ལོ་སར་སྤྲོ་ཚོགས་ལ་འཚམ་པའི་རིག་རྩལ་རྩེད་མོ་སྔོག་གཤེར་དང་དཔྱད་འདེམ་བྱས་པ་ཡིན་ལ།  དེའང་གཙོ་བོ་རེབ་གོང་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་ཞིང་ས་གནས་ཀྱི་ཁྱད་ཆོས་ཀྱིས་མངོན་པར་གསལ་བའི་སྲོལ་རྒྱུན་གླུ་གར་དང་ཡང་ན་དམངས་ཁྲོད་ན་ཡུན་གྱིས་ཉམས་རྒུད་དུ་གྱུར་ནས་རྒྱུན་ཆད་ལ་ཉེ་བ་དག་བསྡུ་སྒྲིག་བྱས་ཡོད་པས།  ཐེངས་འདིར་མདོ་སྨད་རེབ་གོང་ནས་བསྡུས་པའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས《མཛེས་པའི་གསེར་ལྗོངས། སྐྱིད་པའི་རེབ་གོང》ཞེས་པ་འདིར་རེབ་གོང་ས་ཆའི་དམངས་ཁྲོད་གླུ་གར་སྒྱུ་རྩལ་གྱི་ཉིང་བཅུད་འདུས་ཡོད་པ་རེད།

     ཐེངས་འདིའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་དེ་དུས་ཆེན་གྱི་སྤྲོ་དགའི་རྣམ་པས་ཡོངས་སུ་ཁེངས་པའི་གདངས་དབྱང་སྙན་མོ་ཞིག་དང་མཉམ་དུ་འབྲོང་ལོ་རྩེ་ཞེས་པའི་དམངས་ཁྲོད་རྩེད་རིག་ཅིག་གིས་སྤྲོ་ཚོགས་ཀྱི་ཡོལ་བ་ངང་གིས་ཕྱེས་པའི་མོད་ལ།  མདོ་སྨད་ཀྱི་གླུ་བ་མིང་གྲགས་ཅན་རྒན་གུ་རུ་ལགས་ཀྱི་གླུ་སྐད་སྙན་མོ་ཞིག་གིས་སྤྲོ་ཚོགས་ཀྱི་སྒོ་འཕར་གཞི་ནས་ཕྱེས་སོང་།  སྤྲོ་ཚོགས་ཧྲིལ་བོར་འཁྲབ་ཚན་ཉེར་དྲུག་གིས་གྲུབ་པ་དེ་ལ་དམངས་གླུ་དང་རྩེད་རིག རྡུང་ལེན།  རྣམ་ཐར་སོགས་ས་གནས་རང་གི་ཁྱད་ཆོས་མཆོག་ཏུ་མངའ་བའི་དམངས་ཁྲོད་གླུ་གར་གཙོ་བོ་བྱས་ཐོག ས་གནས་རང་ནས་འཚར་ལོངས་བྱུང་བའི་གསར་སྐྱེས་གཞས་པ་གཞས་མ་རེ་གཉིས་ཤིག་གི་གླུ་གཞས་བཀོད་སྒྲིག་བྱས་ཡོད་པས།  སྤྲོ་ཚོགས་ཧྲིལ་བོ་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས་པའི་སྤྲོ་དགའི་རྣམ་པ་ལ་བརྟེན་ནས།  ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ཚོགས་པའི་ཚུན་གྱི་ལོ་ལྔའི་རིང་ལ།  བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས།  སློབ་གསོ་སོགས་གང་ཅིའི་ཐད་ནས།  གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་བྱུང་སྟེ།  མཐུན་སྒྲིལ་དང་དམངས་གཙོ།  འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དེ་དངོས་སུ་མངོན་འགྱུར་བྱུང་ཡོད་པའི་ངང་ཚུལ་དེ་མཚོན་པར་བྱས་ཡོད་པར་མ་ཟད།  ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་།  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ།  མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་སྟེང་ནས་བཏོན་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་ལ།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་དམིགས་འབེན་ལ།  རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པ་ཡང་མཚོན་པར་བྱས་ཡོད།
     མཐར་ད་ལོར་རྒྱལ་ཡོངས་ཀྱི་གླུ་གཞས་འགྲན་སྡུར་གང་མང་གི་ཁྲོད་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཡོད་པའི་རེབ་གོང་རང་ས་གནས་ཀྱི་གསར་སྐྱེས་གླུ་བ་བསྟན་འཛིན་ཉི་མས་བླངས་པའི་རེབ་གོང་གསེར་མོ་ལྗོངས་ཞེས་པའི་གླུ་གཞས་སྙན་མོ་དེ་ཡིས་སྤྲོ་ཚོགས་ཧྲིལ་བོ་མཇུག་རྫོགས་པར་བྱས་ཡོད་པ་རེད།  རྒྱུས་ལོན་པ་ལྟར་ན་ད་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས་འདི་ལུགས་རྙིང་ལོ་སར་དང་བོད་ལོའི་ལོ་སར་སྐབས་ལ།  ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་དུས་མཉམ་དུ་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།