བོད་ལྗོངས་བཞི་སྡེ་གླིང་དགོན་གྱི་ཉམས་གསོ་ཐོག་མ་དེ་འགོ་ཚུགས་ལ་ཉེ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2016-03-09 10:40:00 ཀློག་གྲངས།:
     བོད་ལྗོངས་རིག་དངོས་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན།  ཀྲུང་དབྱང་ནོར་སྲིད་ནས་རྒྱལ་ཁབ་གཙོ་གནད་རིག་དངོས་སྲུང་སྐྱོབ་ཆེད་སྤྱོད་ཁ་གསབ་རོགས་དངུལ་བྱེ་བ་གཅིག་དང་ས་ཡ་ལྔ་བཏོན་ཏེ་གནའ་བོའི་བཞི་སྡེ་གླིང་དགོན་དེ་ཉམས་གསོ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་།  ད་ཆ་ལས་གྲྭ་འགོ་ཚུགས་ལ་ཉེ་ཞིང་ལས་གྲྭ་མཇུག་སྒྲིལ་རྗེས་བཞི་སྡེ་གླིང་དགོན་དེ་རྟེན་རྫས་བཤམས་སྟོན་ཁང་གི་རྣམ་པའི་ཐོག་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་རེད།
     བཞི་སྡེ་གླིང་དགོན་ནི་དེ་སྔ་རྭ་སྒྲེང་རིན་པོ་ཆེ་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་ཡིན་པ་དང་།  སྤྱི་ལོའི་དུས་རབས་དགུ་པའི་ནང་སྐྲུན་པ་ཞིག་ཡིན།  དེ་སྔ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་རྗེས་རྭ་སྒྲེང་སྐུ་ཕྲེང་ལྔ་པ་རྒྱལ་ཚབ་ཏུ་བསྐོ་བཞག་གནང་བ་དང་།  དེའི་རྗེས་ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་རྭ་སྒྲེང་རིན་པོ་ཆེ་སྐུ་གཤེགས་རྗེས་བཞི་སྡེ་གླིང་དགོན་དེ་ཡང་རིམ་བཞིན་ཉམས་རྒུད་དུ་སོང་ནས་ད་ལྟའི་ཞིག་རོ་དེ་ལས་ལྷག་མེད་པ་རེད།
     རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་སྒྲོན་གྱིས་བཤད་རྒྱུར། ད་ཐེངས་ཀྱི་ཉམས་གསོ་སྲུང་སྐྱོབ་ལས་དོན་དེ་དུས་རབས་གོང་མའི་དུས་དཀྱིལ་གྱི་ལོ་རྒྱུས་པར་རིས་ལ་དཔེ་བལྟས་ནས་གནའ་ཉམས་སོར་འཇོག་གི་རྨང་གཞིའི་ཐོག་ཉམས་གསོ་གནང་རྒྱུ་དང་།  ཉམས་རྒུད་ཤུགས་ཆེ་ཕྱིན་པའི་གྱང་རོ་ཕན་མེད་རྣམས་བཤིགས་ཏེ་འགོ་ནས་གསར་སྐྲུན་བྱ་རྒྱུ་དང་སེར་ཁ་ཡོད་པའི་གྱང་ལ་ཁྲོ་ཆུ་བླུགས་ནས་བརྟན་པོ་རུ་གཏོང་རྒྱུ་མ་ཟད།  ད་ལྟ་གནས་བཞིན་པའི་གྱང་དང་ལྡེབས་རིས་སོགས་ལ་ཆེད་ལས་ཐོབ་ཐང་ལྡན་པའི་ཚན་ཆུང་བགོས་ཏེ་སྲུང་སྐྱོབ་གནང་རྒྱུ་རེད་ཟེར། 
     བཞི་སྡེ་གླིང་དགོན་གྱི་ཉམས་གསོ་སྲུང་སྐྱོབ་ལས་གྲྭ་དེ་བོད་ལྗོངས་ཤོན་ཡོན་རིག་དངོས་གནའ་སྐྲུན་སྲུང་སྐྱོབ་ཨར་སྐྲུན་ཚད་ཡོད་ཀུང་སིས་འགན་བཞེས་གནང་བ་དང་།  ཉམས་གསོའི་བརྒྱུད་རིམ་ནང་གནའ་ཉམས་སོར་འཇོག་གི་རྩ་དོན་གཞིར་བཟུང་དང་།  སྲོལ་རྒྱུན་གྱི་ཨར་སྐྲུན་ཐབས་ལམ་དང་སྲོལ་རྒྱུན་གྱི་ཨར་སྐྲུན་རྒྱུ་ཆ་བེད་སྤྱད་དེ་བཞི་སྡེ་གླིང་དགོན་དེ་ཉིད་གནའ་ཉམས་སྔར་བཞིན་མངོན་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།