བོད་ཀྱི་གླུ་གར་གློག་བརྙན《དབྱངས་ལ་བརྒྱུས་པའི་བརྩེ་བ》ཕབ་སྐྲུན་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-29 16:21:00 ཀློག་གྲངས།:


བོད་ཀྱི་གླུ་གར་གློག་བརྙན《དབྱངས་ལ་བརྒྱུས་པའི་བརྩེ་བ》ཕབ་སྐྲུན་མཛད་སྒོ་བསྡུས་པ།

བོད་ཀྱི་གླུ་གར་གློག་བརྙན《དབྱངས་ལ་བརྒྱུས་པའི་བརྩེ་བ》ཕབ་སྐྲུན་མཛད་སྒོ་བསྡུས་པ།
དར་ཚོན་གཅོད་བཞིན་པ།


ཡིག་གཟུགས་ངོམ་པ།


གླུ་ལེན་བཞིན་པ།

     སྤྱི་ཟླ7པའི་ཚེས28ཉིན། མཚོ་ལྷོ་ཁུལ་ཨ་མའི་མར་ལོ་ཞིང་ཕྱུགས་ལས་ཐོན་རྫས་བརྗེ་རེས་ཚད་ཡོད་ཀུང་ཟི་དང་གངས་ལྗོངས་སྐལ་བ་ཡར་འགྲོ་ཁྱིམ་ཆས་ལས་སྒྲུབ་ཁང་གཉིས་ཀྱི་རོགས་སྐྱོར་འོག དེང་རབས་བོད་ཀྱི་དམངས་ཁྲོད་གླུ་གར་གློག་བརྙན《དབྱངས་ལ་བརྒྱུས་པའི་བརྩེ་བ》ཕབ་སྐྲུན་མཛད་སྒོ་དེ་མང་རྫོང་ཐར་ཤུལ་ཡུལ་ཚོའི་ཁེ་རབ་དཔག་ཆེན་འདབས་སུ་གཟབ་རྒྱས་ངང་བསྡུས་པ་དང་། ཐེངས་འདིའི་མཛད་སྒོར་གློག་བརྙན་ཕབ་སྐྲུན་ཚན་ཆུང་མ་ཟད། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་དང་རྩོམ་པ་པོ་རྨེ་རུ་སོན་གསར། ཡིག་མཁན་ཟུར་གཙང་གཡང་འབུམ་སོགས་ཕེབས།
     གློག་བརྙན་འདི་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཨ་མདོའི་རོགས་མཐུན་དང་དེང་རབས་གློག་བརྙན་སྒྱུ་རྩལ་གྱི་ཐབས་ལམ་ཟུང་འབྲེལ་སྒོས།  གཞོན་ནུ་ཕོ་མོ་གཉིས་ཀྱིས་གྲོང་ཁྱེར་ནས་མྱང་བའི་སྡུག་བསྔལ་དང་རྩྭ་ཐང་ལ་བཅངས་པའི་དུངས་པ། ཕན་ཚུན་ལ་ཆགས་པའི་བརྩེ་བ་ལ་སོགས་གསོན་ཉམས་ལྡན་པའི་ངང་མཚོན་ཐུབ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་དེང་རབས་བོད་ཀྱི་སྙན་ངག་པ་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་འཁྲབ་གཞུང་བརྩམས་ཤིང་། བོད་ཀྱི་དམངས་ཁྲོད་དགོད་བྲོའི་གློག་བརྙན་ཐོག་མ《ཨ་དགའ་མགོན་པོ》དང《ཚེ་རིང་གི་གཏམ་རྒྱུད》ཀྱི་འཁྲབ་ཁྲིད་པ། དེང་རབས་བོད་ཀྱི་བརྩེ་གཞས་ཆེད་སྒྲིག《མིག་མཆི་མའི་ནང་གི་ལོ་ཟླ》དང《སེམས་སོང་གི་མི》གཉིས་ཀྱི་གཙོ་ལེན་པ་གླུ་བ་དབང་རྒྱལ་གྱིས་འཁྲབ་ཁྲིད་བྱས། གཞན་ཡང་། གློག་བརྙན་འདིའི་གཙོ་འཁྲབ་པ་ནི་བོད་ཀྱི་དམངས་ཁྲོད་དགོད་བྲོའི་གློག་བརྙན་ཐོག་མ《ཨ་དགའ་མགོན་པོ》དང《ཚེ་རིང་གི་གཏམ་རྒྱུད》ཀྱི་གཙོ་འཁྲབ་པ་དང་རོལ་མོ་སྒྲིག་བཟོ་བ། བརྩེ་གཞས་ཆེད་སྒྲིག《མིག་མཆི་མའི་ནང་གི་ལོ་ཟླ》དང《སེམས་སོང་གི་མི》གཉིས་ཀྱི་རོལ་མོ་སྒྲིག་བཟོ་བ་དེང་རབས་བོད་ཀྱི་བརྩེ་གཞས་གླུ་བ་གདུགས་དཀར་རྒྱལ་དང་། ཕ་ཡུལ་གཡུ་གཞུང་རྐང་ཚ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་གླུ་མ་ཀུན་བཟང་སྒྲོལ་མ་གཉིས་ཡིན།
     རྒྱུས་ལོན་བྱུང་བ་ལྟར་ན། གློག་བརྙན་འདི་ནི་བོད་ཀྱི་གློག་བརྙན་གཞན་དང་མི་འདྲ་བར། གཏམ་རྒྱུད་ཀྱི་བྱུང་རིམ་ནི་མི་སྣའི་བྱ་བྱེད་དང་ཁ་བརྡ་མ་ཟད། ད་དུང་གླུ་གར་གཙོ་བོར་བཟུང་ནས་འཁྲབ་སྟོན་བྱས་པ་ཞིག་ཡིན་པས། མིག་སྔར། གློག་བརྙན་གྱི་བརྗོད་དོན་གླུ་དབྱངས་དང་བར་བཅུག་གླུ་དབྱངས་སོགས་སྒྲ་བླངས་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། མི་འགྱངས་པར་བརྙན་ཕབ་འགོ་རྩོམ་རྒྱུ་ཡིན་ལ། ལོ་འདིའི་ལོ་མཇུག་ཏུ་རྒྱ་ཆེ་བའི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་འབུལ་ཐུབ་པ་རེད།
     གཞན་ཡང་། ཐེངས་འདིའི་མཛད་སྒོའི་སྟེང་དུ་མང་རྫོང་ཡུལ་གྱི་དམངས་ཁྲོད་སྒྱུ་རྩལ་པ་མང་པོ་ཕེབས་ནས་གླུ་དང་གླུ་དབྱངས། སྒྲ་སྙན་རྡུང་ལེན།  གར་ཆུང་ལ་སོགས་པའི་འཁྲབ་སྟོན་བརྒྱུད་ནས་རང་ཉིད་ཀྱིས་གློག་བརྙན་འདིར་རྒྱབ་སྐྱོར་དང་རྟེན་འབྲེལ་གྱི་བསམ་པ་བསྟན་དེ། གློག་བརྙན་གྱི་མཛད་སྒོ་ཡིན་ལ་དམངས་ཁྲོད་གླུ་གར་གྱི་འཁྲབ་སྟོན་ཀྱང་ཡིན་པའི་ལྟད་མོ་གྱ་ནོམ་པ་ཞིག་གིས། འདིར་ཕེབས་ཀྱི་རྩོམ་པ་པོ་དང་དགེ་རྒན། འཁྲབ་སྟོན་པ་དང་ཡུལ་མི་སྤུན་ཟླ་རྣམས་ལ་མིག་གི་དགའ་སྟོན་དང་ཡིད་ཀྱིས་གསོས་སུ་སྤྲོ་སྣང་གི་ཡོ་ལང་ཆེ་ཆེར་རྒྱས་སུ་བཅུག་གོ །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།