《མེས་པོའི་ཤུལ་བཞག་》དཔེ་ཚོགས་ཆེན་མོ་ལ“ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ”ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ། དུས་ཚོད།:2011-03-25 09:38:00 ཀློག་གྲངས།:


བོད་ཡིག་གནའ་དཔེ་དཔེ་ཚོགས《མེས་པོའི་ཤུལ་བཞག》།

             ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་བོད་ཡིག་གནའ་དཔེ་《མེས་པོའི་ཤུལ་བཞག》དཔེ་ཚོགས་ལ“ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་”ཐོབ།   དཔེ་ཚོགས་འདི་ནི་དེ་སྔོན《ཀྲུང་ཧྭའི་བཀའ་བསྟན》(བོད་ཡིག་དཔེ་བསྡུར་མ)གྱི་གཙོ་སྒྲིག་འགན་འཁུར་བ་མཁས་དབང་ཐུབ་བསྟན་ཉི་མ་མཆོག་གི་མཛུབ་སྟོན་འོག  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་འཚོལ་སྡུད་དང་ལེགས་བསྒྲིགས་གནང་བ་ལྟར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་ཚོགས་ཆེན་པོ་ཞིག་ཡིན་པ་མ་ཟད།  གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་“ལོ་ལྔ་ཚན་བཅུ་གཅིག་པའི”དཔེ་སྐྲུན་འཆར་འགོད《བོད་མཁས་པ་རིམ་བྱོན་གྱི་གསུང་རྩོམ་གཅེས་བསྡུས 》ཀྱི་ལས་གཞིའི་གྲས་ཀྱང་ཡིན།  དཔེ་སྐྲུན་བྱེད་སྐབས་མཁས་པ་རྣམས་ཀྱི་དགོངས་འཆར་ལྟར《མེས་པོའི་ཤུལ་བཞག་དཔེ་ཚོགས》ཞེས་མིང་བཏགས་པ་རེད།


《མེས་པོའི་ཤུལ་བཞག》དཔེ་ཚོགས་ལ“ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ”ཐོབ་པ། 

             བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ཉིན་མཚན་ཀུན་ཏུ་འབད་བརྩོན་ལས་སྒྲུབ་གནང་བས།  བོད་ཡིག་གནའ་དཔེ་རེ་རེ་བཞིན་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་།  ད་རེས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྟུད་མར་དཔེ་སྐྲུན་བྱས་པའི《མེས་པོའི་ཤུལ་བཞག》དཔེ་ཚོགས་ཆེན་མོ་འདི་ནི་ཁོང་ཚོས་ལེགས་བསྒྲིགས་བྱས་པའི་དཔེ་རྙིང་གྲས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན།  དཔེ་ཚོགས་ཆེན་མོ་འདིས་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་དོན་གྱི་ཕུལ་བྱུང་གྲུབ་འབྲས་དང་མིག་དཔེ་དཔེ་ཚོགས་ཡིན་པ་མཚོན་འདུག  དཔེ་ཚོགས་འདི་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། དཔེ་སྐྲུན་ཁང་གི་འགོ་འཛིན་པས་ཇུས་འགོད་ཞིབ་མོ་དང་། འཇོན་ནུས་ལྡན་པ་སྒྲིག་འཛུགས། མཁས་པ་གྲགས་ཅན་གདན་ཞུ། དེ་སྔོན《བཀའ་བསྟན་དཔེ་བསྡུར་མའི》ཕུལ་དུ་བྱུང་བའི་རྩོམ་སྒྲིག་འགན་འཁུར་བ་བསྐོ་མངགས། དཔེ་སྐྲུན་གྱི་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཐོག   དཔེ་ཚོགས་ཆེན་མོ་འདིའི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱུང་ལ།  བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་པ་རེད། 


《མེས་པོའི་ཤུལ་བཞག》ཞེས་པའི་དཔེ་ཚོགས། 

             《མེས་པོའི་ཤུལ་བཞག》དཔེ་ཚོགས་ཆེན་མོ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་འདིས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུར་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་ཟབ་མོ་ལྡན་ཞིང་།  རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་བྱ་གཞག་གི་དར་རྒྱས་གོང་འཕེལ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་བཏོན་ཡོད།


《མེས་པོའི་ཤུལ་བཞག》གི་གཟེངས་རྟགས་དཔང་ཡིག

མི་རིགས་རིག་གནས་ཀྱི་ནོར་བུ།  བོད་ཡིག་དཔེ་རྙིང་གི་ཉིང་བཅུད།

             《མེས་པོའི་ཤུལ་བཞག》དཔེ་ཚོགས་ཆེན་མོའི་ནང་དཔེ་རྙིང་དཀོན་པོ་དང་ལག་བྲིས་མ་མང་པོ་བསྡུས་ཤིང་། ཕྱག་རྩོམ་མང་ཆེ་ཤོས་ཐེངས་དང་པོར་དཔེ་སྐྲུན་བྱས་པ་ཡིན།  དཔེ་ཚོགས་འདིའི་ནང་བོད་ཀྱི་སྔོན་བྱོན་མཁས་པ་གྲགས་ཅན500ལྷག་གི་ཕྱག་རྩོམ་དག་བསྡུས་ཡོད། ཕྱག་རྩོམ་རེ་རེ་ལ་མཁས་པའི་དབང་བོ་དག་གི་བློ་གྲོས་དང་རྔུལ་ཆུས་གཏམས་འདུག་པས། ཕྱི་རབས་པ་རྣམས་ལ་སློབ་སྦྱོང་དང་དཔྱད་གཞིའི་ནུས་པ་གལ་ཆེན་ལྡན་པ་རེད།


ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་དང་གཟེངས་རྟགས་དཔང་ཡིག

             《མེས་པོའི་ཤུལ་བཞག་》དཔེ་ཚོགས་ཆེན་མོའི་《སྨན་བླའི་མདོ་དང་མདོ་ཆོག་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ་》དང་《གསོ་རིག་སྨན་གྱི་རོ་ནུས་ངོས་འཛིན་གསལ་སྟོན་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ》(པོད1ནས2པ།)ཡི་མ་ཕྱི་ནི་ལག་བྲིས་མ་ཤ་སྟག་ཡིན་ལ།  དུས་ཡུན་རིང་བོར་མི་རྣམས་ཀྱིས་དཔེ་མིང་རྣ་ཐོས་བྱུང་བ་ལས་དཔེ་ཆ་དངོས་སུ་མཇལ་མྱོང་མེད། ད་རེས་གསོ་རིག་གི་དཔེ་རྒྱུན་དཀོན་པོ་འདི་གཉིས་དཔེ་སྐྲུན་བྱས་པས་དེང་རབས་བོད་ཀྱི་གསོ་རིག་ཞིབ་འཇུག་བྱ་རྒྱུའི་ཐད་མེད་མི་རུང་བའི་དཔྱད་ཡིག་གལ་ཆེན་འདོན་སྤྲོད་བྱས།  《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་》(པོད3ནས27པ།)ནི་པར་གཞི་མི་འདྲ་བ་གསུམ་དཔེ་བསྡུར་ནས་ལེགས་བསྒྲིགས་མཛད་པ་ཡིན།  《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུ་ཕྲེང་བ》(པོད28པ།)འདིའི་ནང་དོན་ནི་སྔོན་ཆད་འགྲེམས་བསྒྲགས་བྱས་མྱོང་མེད་པའི་བོད་ཀྱི་ལོ་རྒྱུས་དཔྱད་ཡིག་ཡིན།   《སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་》(པོད29ནས35པ་)དང་ །  《གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ》(པོད36ནས38པ།)《 ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གསུང་འབུམ་》(པོད39པ།) 《འུ་ཡུག་པ་རིག་པའི་སེང་གེའི་གསུང་འབུམ》(པོད40ནས42པ།) 《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་》(པོད43ནས87པ།)《ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་》(པོད88ནས105པ།) 《ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་གསུང་འབུམ་》(པོད106ནས131པ་)སོགས་ནི་ཐེངས་དང་པོར་ཡོངས་བསྒྲགས་དཔེ་སྐྲུན་བྱས་པ་ཡིན་ལ།   རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འཚོལ་སྡུད་བྱས་པ་བརྒྱུད་ནང་དོན་གསར་པ་མང་པོ་ཁ་སྣོན་བྱས་ཡོད། དེའི་ནང་《ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་གསུང་འབུམ་》གྱི་མ་ཕྱིའི་གསུང་འབུམ་ལ་པོད11ལས་མེད་མོད།  འཚོལ་སྡུད་དང་ལེགས་བསྒྲིགས་བྱས་རྗེས་པོད26མཆིས།
             《མེས་པོའི་ཤུལ་བཞག་》དཔེ་ཚོགས་ཆེན་མོ་དཔེ་སྐྲུན་བྱས་པ་འདིས་ཏང་དང་རྒྱལ་ཁབ་ཀྱིས་བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གོང་སྤེལ་གཏོང་བའི་སྲིད་ཇུས་གང་ལེགས་མཚོན་པ་དང་། རང་རྒྱལ་གྱི་བོད་ཡིག་དཔེ་རྙིང་ལེགས་བསྒྲིགས་དང་དཔེ་སྐྲུན་ལས་དོན་ཐད་ཉེ་ལོར་བླངས་པའི་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ཡིན།   དཔེ་ཚོགས་ཆེན་མོ་འདི་དཔེ་སྐྲུན་བྱས་ཁར། ཁྱོན་ཡོངས་ནས་བོད་རིག་པའི་ཁྱབ་ཁོངས་ཀྱི་དཔྱད་ཡིག་རྒྱུ་ཆ་འཐུས་ཚང་དུ་བཏང་ཞིང་། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་རྒྱུན་འཛིན་བྱས་པ་མ་ཟད།  གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་གཞག་ལའང་སྐུལ་མ་ཐོབ་པས། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་དང་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པ་རེད།
             མི་རིགས་ཀྱི་གནའ་དཔེ་མྱུར་སྐྱོབ་དང་། སྲུང་སྐྱོབ།  ལེགས་སྒྲིག་བྱ་རྒྱུ་ནི་རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་གྱི་འཐབ་ཇུས་ལས་གྲྭ་གལ་ཆེན་ཞིག་ཡིན་ལ།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་གཏིང་ཟབ་དང་།  ཁྱོན་ཡོངས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དངོས་གནས་དགོས་མཁོ་བཅས་ཡིན།  《མེས་པོའི་ཤུལ་བཞག་》དཔེ་ཚོགས་ཆེན་མོ་དཔེ་སྐྲུན་བྱས་པ་འདིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་།  བོད་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བར་ནུས་པ་གལ་ཆེན་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།