མཚོ་སྔོན་གྱིས་ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་འཁོར་གཅིག་གི་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་ཉིན་རེའི་ཚགས་པར། དུས་ཚོད།:2011-04-02 09:05:00 ཀློག་གྲངས།:

             མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་གིས་ཟླ3པའི་ཚེས31ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཤུགས་ཆེན་པོས“བརྩེ་སེམས་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད། དཀའ་ཁག་ལ་འགྲན་སློང་། དྲིན་གཟོ་མདུན་སྐྱོད”ཀྱི་ཡུལ་ཤུལ་གནོད་འགོག་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱིའི་བསྐྱར་འཛུགས་ཀྱི་གཟི་བརྗིད་གོ་རིམ་སྤྱི་བསྡོམས་དང་དྲིལ་སྒྲོག་བྱེད་ཆེད། ཡུལ་ཤུལ་ས་འགུལ་བྱུང་སྟེ་ལོ་གཅིག་འཁོར་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས“དྲིན་གཟོ་མདུན་སྐྱོད་དང་སྤྱི་ཚོགས་རིང་ལུགས་ཡུལ་ཤུལ་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ”བརྗོད་དོན་ཡིན་པའི་རྗེས་དྲན་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་རེད།
             མང་ཚོགས་རང་བཞིན་གྱི་རྗེས་དྲན་བྱ་འགུལ་ལ། ཟླ4བའི་ཚེས14ཉིན་གྱི་དུས་ཚོད9དང་སྐར་མ49སྟེང་། ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་གནོད་འགོག་རྒུད་སྐྱོབ་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་སྐར་མ3ལ་མྱ་ངན་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་རླངས་འཁོར་དང་མེ་འཁོར། མཚོ་གྲུ་བཅས་ཀྱིས་དུང་བརྡ་གཏོང་བ་དང་མཁའ་ཟོན་ཉེན་བརྡ་བརྒྱབ་ནས་འགྲོ་འོང་གི་མི་རྣམས་ཀྱིས་མྱ་ངན་ཞུ་རྒྱུ་ཡིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཚོས་མཉམ་དུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་རྒྱུ་རེད། ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་དུ“ཡུལ་ཤུལ4.14ས་འགུལ་ཆེན་མོའི་ལོ་འཁོར་གཅིག་གི་རྗེས་དྲན་ཚོགས་འདུ”བསྡུ་རྒྱུ་རེད།
             རིག་གནས་བྱ་འགུལ་གྱི་ཕྱོག་ནས། ཟླ4བའི་ཚེས13ཉིན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་གཏམ་བརྗོད་ཟློས་གར《བརྩེ་སེམས་ཀྱི་ཡུལ་ཤུལ》ཞེས་པ་འཁྲབ་སྟོན་བྱེད་རྒྱུ་དང་། ཟླ4བའི་ཚེས14ཉིན། རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་རོལ་དབྱངས་ཁང་དུ་ཡུལ་ཤུལ“4.14”ས་འགུལ་ཆེན་མོའི་ཁྲོད་རྐྱེན་ལམ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་ལོ་འཁོར་རོལ་དབྱངས་ཀྱི་བྱ་འགུལ་སྤེལ་རྒྱུ་དང་། ཟླ4བའི་ཚེས15ཉིན་ནས་ཚེས18ཉིན་བར་གྱི་མཚན་མོར། པེ་ཅིན་ཐེན་ཆའོ་ཟློས་གར་ཁང་དུ་གླུ་གར་ཞབས་བྲོ་ཆེན་མོ《ཡུལ་ཤུལ་གྱིས་ནམ་ཡང་བརྗེད་མི་སྲིད》ཞེས་པ་འཁྲབ་སྟོན་བྱེད་རྒྱུ་རེད། 
            ཟླ4བའི་ཚེས12ཉིན་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ《ཡུལ་ཤུལ་གྱི་མེ་ཏོག་བཞད་པ》ཞེས་པའི་གློག་བརྙན་གཏོང་འགོ་རྩོམ་པའི་མཛད་སྒོ་སྤེལ་རྒྱུ་ཡིན་ལ། ཟླ4བའི་ཚེས14ཉིན་གྱི་དགོང་མོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་དུ་གཏོང་རྒྱུ་རེད། ཟླ4བའི་ཚེས2ནས་ཚེས10ཉིན་བར་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་དངོས་མང་བཤམས་སྟོན་ཁང་དུ“ཡུལ་ཤུལ་གསར་བ་དང་ཁྱིམ་གཞི་གསར་བ”སྟེ། ཡུལ་ཤུལ“4.14”ས་འགུལ་ལོ་འཁོར་གཅིག་ལོན་པའི་ཡིག་རྩལ་དང་མཛེས་རིས། པར་རིགས་འགྲེམ་སྟོན་གྱི་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་དང་། དེའི་རྗེས་སུ་ཟི་ལིང་དང་ཡུལ་ཤུལ་སོགས་ས་ཁུལ་དུ་སྐོར་བསྐྱོད་འགྲེམ་སྟོན་བྱེད་རྒྱུ་རེད།
            “ཡུལ་ཤུལ‘4.14’ས་འགུལ་ཆེན་མོའི་ལོ་འཁོར་གཅིག་གི་རྗེས་དྲན་ཚོགས་འདུ”དེ་མཚོ་སྔོན་བརྙན་འཁྲིན་ཁང་གི་ཡུལ་དངོས་ནས་ཐད་གཏོང་བྱེད་རྒྱུ་ཡིན་པ་དང་། “ཡུལ་ཤུལ‘4.14’ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླར་མྱ་ངན་ཞུ་བའི་ལོ་འཁོར་རོལ་དབྱངས་བྱ་འགུལ”ཀྲུང་དབྱང་བརྙན་འཕྲིན་ཁང་རོལ་དབྱངས་ལེ་ཚན་དང་མཚོ་སྔོན་བརྙན་འཕྲིན་གྱིས་ཡུལ་དངོས་ནས་ཐད་གཏོང་བྱེད་རྒྱུ་རེད། གླུ་གར་ཞབས་བྲོ་ཆེན་མོ《ཡུལ་ཤུལ་གྱིས་ནམ་ཡང་བརྗེད་མི་སྲིད》ཞེས་པ་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཡུལ་དངོས་ཐད་གཏོང་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།