རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ལ་གལ་ཆེའི་འཕེལ་རྒྱས་བྱུང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-05-05 09:19:00 ཀློག་གྲངས།:

            བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དེང་རབས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་འབྲོང་བུ་ཚེ་རིང་རྡོ་རྗེས་ཉིན་ཤས་གོང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60སོང་བའི་ནང་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ཐད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དཔེ་ཪྙིང་ལེགས་སྒྲིག  ལོ་རྒྱུས་ཞིབ་འཇུག  ཞིབ་འཇུག་གི་བསམ་ཕྱོགས།  བོད་རིག་པའི་ལས་མཁོའི་དཔེ་དེབ་རྩོམ་བཟོ་བཅས་ཕྱོགས་ལྔ་ཡི་ཐད་གལ་ཆེའི་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས་བྱུང་།
            འབྲོང་བུ་ཚེ་རིང་རྡོ་རྗེས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་རྒྱལ་ཁབ་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་།  ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་ཏུ་བོད་རིག་པའི་ཞིབ་འཇུག་ཆེད་ལས་བཙུགས་ཏེ་བོད་རིག་པའི་ཞིབ་འཇུག་ཆེད་ལས་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ད་དུང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་བོད་རིག་པར་ཞིབ་འཇུག་བྱེད་མཁན་ཆེད་ལས་སྒྲིག་གཞི་བཙུགས་ཡོད།  བོད་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་དང་སྦྲགས་སྲོལ་རྒྱུན་གྱི་བོད་རིག་པའི་ཞིབ་འཇུག་ནང་དོན་རྒྱུན་འཛིན་དང་རྒྱ་ཆེར་བཏང་བ་དང་། བོད་རིག་པའི་ཞིབ་འཇུག་སྒྲིག་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། བོད་རིག་པ་དང་གསར་དར་གྱི་རིག་ཚན་གཞན་དབར་གྱི་འབྲེལ་བ་མཐུད་སྦྲེལ་བཅས་བྱས་ཡོད།  མིག་སྔར་རྒྱལ་ཡོངས་སུ་བོད་རིག་པའི་ཞིབ་འཇུག་སྒྲིག་གཞི50ལྷག་ཙམ་དང་བོད་རིག་པ་དང་འབྲེལ་བ་ཡོད་པའི་དུས་དེབ་རིགས30ལྷག་ཙམ་ཡོད།
            དཔེ་རྙིང་སྔོག་འདོན་དང་ལེགས་སྒྲིག་བྱེད་པའི་ཐད་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཙུགས་མ་ཐག་པའི་སྐབས་ཚན་ཞིབ་འཆར་འགོད་ཁྲུའུ་དང་། མི་རིགས་ལོ་རྒྱུས་ཞིབ་འཇག་སུའོ། ཆོས་ལུགས་དང་ཚན་ཉིད་རིག་པ་ཞིབ་འཇུག་སུའོ། སྐད་ཡིག་རྩོམ་རིག་ཞིབ་འཇུག་སུའོ། བོད་རིག་པའི་དཔྱད་གཞིའི་ཡིག་རིགས་ལྟེ་གནས་སོགས་སྒྲིག་གཞི་བཙུགས་ཡོད་ཅིང་།  སྒྲིག་གཞི་ཁག་གི་ཐུན་མོང་འབད་བརྩོན་འོག་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་དཔེ་ཪྙིང་གི་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་དུས་ཐོག་ཏུ་མྱུར་སྐྱོབ་དང་། ལེགས་སྒྲིག  འཐུས་ཚང་།  ཞིབ་འཇུག་བཅས་བྱེད་ཐུབ་པ་བྱུང་ནས་ད་ཆ་དེབ་མི་ཉུང་བ་ཞིག་དཔེ་དེབ་རྩ་ཆེ་བ་དང་།  དཔེ་རྒྱུན་དཀོན་རིགས།  གནའ་དཔེ་རྩ་ཆེན་བཅས་ཀྱི་ཁོངས་སུ་གཏོགས་པ་མ་ཟད་ཁག་གཅིག་ནི་བྲིས་མ་ཡིན།  《རླངས་ཀྱི་པུ་ཏི་བསེ་རུ》དང་།  《འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར》།  《སྙན་ངག་མེ་ལོང་གི་འགྲེལ་པ་ཚང་སྲས་བཞད་པའི་སྒྲ་དབངས》།   《ལྡེའུ་ཆོས་བྱུང》།   《བོད་ཀྱི་ཞལ་ལྕེ་ཕྱོགས་བསྒྲིགས》སོགས་དཔེ་དེབ་ལེགས་སྒྲིག་བྱས་ནས་པར་སྐྲུན་བྱས་ཡོད་ཅེས་གསུངས་བྱུང་།
            འབྲོང་བུ་ཚེ་རིང་རྡོ་རྗེས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཞིབ་འཇུག་མི་སྣས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་དེའང་ལམ་བུ་གསར་པ་ཞིག་གི་ཐོག་བསྐྱོད་དེ་དེ་བས་གནས་ཚུལ་དངོས་དང་མཐུན་པའི་ངང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་སྔོག་འདོན་དང་། དབྱེ་ཞིབ། ཕྱོགས་བསྡུས་བཅས་བྱས་པ་དང་། ཞིབ་འཇུག་གི་བསམ་ཕྱོགས་ཐད་མ་ཁེ་སི་རིང་ལུགས་ཀྱི་ཚན་ཉིད་རིག་པའི་གཞུང་ལུགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱེད་སྟངས་སྤྱོད་འགོ་ཚུགས་པ། བོད་རིག་པའི་ལས་མཁོའི་དཔེ་དེབ་ཁག་གཅིག་པར་སྐྲུན་འགྲེམས་སྤེལ་བྱས་པ་དེ་ཐོག་ནས་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་མགྱོགས་པོ་ཡོད་པ་གསལ་བཤད་བྱུང་ཡོད་པ་དང་དེབ་དེ་དག་གི་ནང་ཅུང་སྐད་གྲགས་ཆེ་བའི་བོད་རིག་པའི་ཚིག་མཛོད《བོད་རྒྱ་ཚིག་མཛོད་ཆེ་མོ》དང《དུང་དཀར་ཚིག་མཛོད་ཆེ་མོ》སོགས་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
            འབྲོང་བུ་ཚེ་རིང་རྡོ་རྗེས་ལོ་ངོ60ཡི་འཕེལ་རྒྱས་བརྒྱུད་དེང་རབས་བོད་རིག་པའི་ཐད་སྲོལ་རྒྱུན་གྱི་བོད་རིག་པ་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་ཚན་རིག་རིགས་གཞུང་གི་བྱེད་ཐབས་སྤྱད་དེ་སྲོལ་རྒྱུན་གྱི་བོད་རིག་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ཁྱབ་ཁོངས་ལས་སྒྲོལ་ཏེ་བོད་རིགས་ཀྱི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་མ་ལག་ཅིག་ཆགས་པ་དེའི་ནང་ཆབ་སྲིད་དང་། དཔལ་འབྱོར། མི་རིགས། ཆོས་ལུགས། ཚན་ཉིད་རིག་པ། གནའ་རྫས་དཔྱད་ཞིབ། གསོ་རིག བཟོ་བཀོད་ལག་རྩལ་སོགས་ཚུད་ཡོད་པ་སྟེ་སྤྱི་ཚོགས་ཚན་རིག་ཚུད་ཡོད་ལ་རང་བྱུང་ཚན་རིག་གི་ཁྱབ་ཁོངས་ཀྱང་ཚུད་ཡོད་པའི་ངོས་འཛིན་གནང་གི་འདུག   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།