བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས76བར་འཕར་བ།
ཉེ་བའི་ཉིན་འགའི་སྔོན་དུ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་དང་རྒྱ་སྐྱེད་རྣམ་གྲངས་ཁྲོད་དུ། བོད་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་ཁག16མིང་ཐོའི་ནང་ཚུད་ཡོད་པས། ད་བར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་ཀྱི་ཁ་གྲངས76ལ་འཕར་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་ཁུར་བ་ངག་དབང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་གསར་དུ་བདམས་པའི་རྣམ་གྲངས16གི་ཁྲོད་དུ། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྨན་གླིང་རྫོང་གི་ལྷོ་པ་རིགས་ཀྱི་མེས་པོའི་ངག་རྒྱུན་དང་། ནག་ཆུ་ས་ཁུལ་གྱི་ལྷ་རི་རྫོང་གི་ལྷ་རིའི་དམངས་ཁྲོད་གཏམ་རྒྱུད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་སྐོར་རྩེད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་སྙེ་མོའི་ཟློས་གར།(རྒྱ་སྐྱེད་རྣམ་གྲངས ) ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་གི་མེ་ཏོག་མཆོད་མར་བཟོ་སྐྲུན་ལག་རྩལ(རྒྱ་སྐྱེད་རྣམ་གྲངས ) ལྷ་ས་གྲོང་ཁྱེར་གྱི་བོད་ལུགས་ལོ་སར་བཅས་འདུས་ཡོད།
རྣམ་གྲངས16གི་ཁྲོད་དུ། དམངས་ཁྲོད་རྩོམ་རིག་གི་རིགས་གཉིས་དང་། སྲོལ་རྒྱུན་རོལ་དབྱངས་ཀྱི་རིགས་གཅིག སྲོལ་རྒྱུན་བྲོ་གར་གྱི་རིགས་བདུན། སྲོལ་རྒྱུན་ཟློས་གར་གྱི་རིགས་གཅིག སྲོལ་རྒྱུན་མཛེས་རྩལ་གྱི་རིགས་གཉིས། སྲོལ་རྒྱུན་ལག་རྩལ་གྱི་རིགས་གཉིས། དམངས་སྲོལ་གྱི་རིགས་གཅིག་བཅས་ཡོད་ལ། ཆོས་ལུགས་རོལ་དབྱངས་དང་དམངས་གཞས། ལྷ་མོའི་ཟློས་གར་ནས། བོད་ཀྱི་ཐང་ག་དང་བོད་གྲི་བཟོ་བའི་ལག་རྩལ། ས་གདན་བཟོ་རྩལ། བོད་ཤོག་བཟོ་བའི་ལག་རྩལ་བར་བཅས་འདུས་ཡོད།
རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་བྱས་འོག བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་མིག་སྔར་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས2དང་། རང་སྐྱོང་ཁུལ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས222ཡོད་ལ། རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་མི་སྣ 53དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་མི་སྣ134བཅས་ཡོད་པས། ད་ལྟའི་བར་རིགས་སོ་སོའི་རྒྱུད་འཛིན་མི་སྣའི་རུ་ཁག་མི་གྲངས་ཁྲི་གཉིས་ལྷག་ལ་འཕེལ་ཡོད་པ་རེད།
2006ལོ་ནས2009ལོའི་བར། བོད་ལྗོངས་ཀྱིས་མངོན་མིན་ཤུལ་བཞག་རིག་གནས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་ཀ་སྤེལ་བ་དང་། ལོ་གསུམ་གྱི་ཡོངས་ཁྱབ་ཞིབ་བཤེར་ཁྲོད་དུ། དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་བྲོ་གར། སྲོལ་རྒྱུན་ཟློས་གར། གཞས་མ་གཏམ། དམངས་ཁྲོད་རིག་རྩལ་སོགས་རིགས་ཆེན་པོ14སྟེ། མངོན་མིན་ཤུལ་བཞག་རིག་གནས་ཁག 406འཚོལ་རྙེད་བྱུང་། དེ་དང་དུས་མཚུངས་སུ་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་རུ་ཁག83དང་། རྒྱུད་འཛིན་མི་སྣ1177བཅས་ཀྱང་རྙེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com