གནའ་རྫས་རྟོག་ཞིབ་པས་དཀར་མཛེས་ནས་ནང་བསྟན་བྲག་བརྐོས་ལྡེབས་རིས་རྙེད་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:བོད་མིའི་རིག་གནས་དྲ་བ།   དུས་ཚོད།:2011-06-21 11:47:00 ཀློག་གྲངས།:


ཕྱག་ན་རྡོ་རྗེ།

           ཉེ་སྔོན། རང་རྒྱལ་གྱི་མིང་གྲགས་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་གནའ་རྫས་རྟོག་ཞིབ་ཆེད་མཁས་པ་སྟེ། སློབ་དཔོན་ཆེན་མོ་ཝུན་ཡུས་ཁྲེང་གིས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གདན་འདྲེན་ཞུས་པ་ལྟར། དཀར་མཛེས་ཁུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་ཤུལ་བཞག་གནའ་རྫས་ལ་རྟོག་དཔྱོད་ཞིབ་འཇུག་གནང་སྐབས།  སེར་ཤུལ་རྫོང་བློ་བཞུ་གྲོང་རྡལ་གྱི་ནུབ་བྱང་དུ་སྤྱི་ལེ19སོང་བའི་མཚམས་སུ་ངོ་མཚར་བའི་བྲག་རྡོ་ཆེན་པོ་ཞིག་ཡོད་ཅིང་། དེའི་སྟེང་དུ་ཐིག་བརྐོས་ཚེ་དཔག་མེད་དང་བྱང་ཆུབ་སེམས་དཔའ་རྣམ་གཉིས( གཙོ་སྐུའི་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་ཕྱག་ན་རྡོ་རྗེ)བཅས་སྐུ་བརྙན་གསུམ་བརྐོས་ཡོད་ལ།   མཆོད་ཁྲིའི་མཐོ་ཚད་ལ་ལི་སྨི400དང་ཞེང་ལ་ལི་སྨི380ཡོད་ཅིང་། གཡོན་ཕྱོགས་དང་འོག་ཏུ་བོད་ཡིག་བྲིས་ཡོད་པ་བསྣན་ན་ཞེང་ལ་བསྡོམ་པས་ལི་སྨི520ཡོད། བོད་ཀྱི་གནའ་ཡིག་བྲིས་ཡོད་པའི་བར་དུ་རྒྱ་ཡིག་ཐིག་ཤར་གཅིག་སྟེ། “塑(?)工杨二造仏(佛)地。”ཡོད་པ་རེད།


བོད་ཀྱི་ཡིག་རྙིང་བྲིས་མ།

           སློབ་དཔོན་ཆེན་མོ་ཝུན་ལགས་ཀྱིས། གཙོ་སྐུའི་གཡས་སུ་བཞེངས་པའི་བྱང་ཆུབ་སེམས་དཔའི་དབུ་ཞྭའི་སྟེང་དུ་སྤྲུལ་བའི་སྐུ་ཞིག་འདུག་པས་དེ་སྤྱན་རས་གཟིགས་ཡིན་པར་ཐག་བཅད་ཆོག་པ་དང་། དེ་ལས་གཙོ་སྐུ་ནི་ཚེ་དཔག་མེད་ཡིན་པ་ཤེས་ཐུབ་ཅེས་བསྟན་བྱུང་།


བྲག་བརྐོས་ཚེ་དཔག་མེད།

           སྐུ་བརྙན་ལྡེབས་རིས་ཀྱི་ལོ་ཚིགས་ཀྱི་ཆ་ནས་སློབ་དཔོན་ཆེན་མོ་ཝུན་ལགས་ཀྱིས་དབྱེ་ཞིབ་བྱས་ཏེ་གསུངས་རྒྱུར། གཙོ་སྐུའི་དབུ་ལ་མེ་ཏོག་གསུམ་ལྡན་གྱི་དབུ་རྒྱན་བཞེས་ཤིང་། བྲན་འཁོར་གྱི་ཚུལ་དུ་ཡར་བཞེངས་པའི་བྱང་ཆུབ་སེམས་དཔའ་ཡིས་བལ་བོའི་ལུགས་ཀྱི་སྨད་གཡོགས་བཞེས་པ་དང་། ཞབས་ཟུང་གི་ཁ་ཅུང་ཟད་ཕྱེ་བ། བཞུགས་ཁྲིའི་སྟེང་གི་སེང་གེ་གཉིས་ལ་བོད་ཀྱི་ཆ་ལུགས་སོར་བཞག་བྱས་འདུག་སྙམ་པ། སངས་རྒྱས་ཀྱི་སྐུའི་འོད་ཟེར་ཕྲག་པར་མི་སྣང་བ་སོགས་ལ་གཞིགས་ན་སྐུ་བརྙན་བྲིས་མ་དེ་ནི་དུས་རབས11པ་ནས་དུས་རབས12པའི་བར་དུ་བཞེངས་པ་ཤེས་ཐུབ་ལ། དེ་ནི་རྒྱལ་ནང་དུ་ད་ཡོད་ཀྱི་ཆེས་སྔ་བའི་བསྟན་པ་ཕྱི་དར་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུ་བརྙན་བྲིས་མ་ཞིག་ཡིན་ཞིང་། དེ་ནི་སྔོན་ཆད་ཨུ་རུ་སུའི་ཁོ་ཙི་ལུའོ་ཧྥུ་ཡིས་ནང་སོག་གི་ཧེ་ཧྲུའེ་གྲོང་ཁྱེར(ཧ་ལ་ཧའོ་ཐེ)ནས་ཁྱེར་སོང་བའི་མི་ཉག་དུས་སྐབས་ཀྱི་ཤིང་གི་ཡལ་གའི་སྟེང་གི་སྐུ་བརྙན་རི་མོ་ལས་ཕལ་ཆེར་ལོ100ཡས་མས་ཀྱིས་སྔ་བ་ཡོད་པ་རེད།


བྲག་བརྐོས་ཚེ་དཔག་མེད་དང་བྱང་ཆུབ་སེམས་དཔའ་རྣམ་གཉིས།

           གནས་འདིའི་སྐུ་བརྙན་རི་མོའི་མིང་ལ་སྔོན་ཆད་བྲག་གི་ལྷ་མོ་ཟེར་ཞིང་། དེ་ནི་བྲག་ན་གནས་པའི་ལྷ་མོའི་དོན་ཡིན་ལ་སྔོན་ཆད་མི་ལ་ལས་དེ་ནི་གྱིམ་ཤིང་ཀོང་ཇོས་བཞེངས་པ་ཡིན་པར་འདོད་མོད། ད་ལྟ་རྟོག་ཞིབ་བྱས་པ་ལས་དེ་ནི་གྱིམ་ཤིང་ཀོང་ཇོའི་དུས་སྐབས་ལས་ལོ250ཡས་མས་འཕྱི་བ་ཡོད་པ་གསལ་བཤད་བྱས་པ་རེད།


སེར་ཤུལ་རྫོང་བློ་བཞུ་གྲོང་རྡལ་གྱི་ནུབ་བྱང་གི་སྤྱི་ལེ19མཚམས་ཀྱི་སེར་ཤུལ་རྫོང་བློ་བཞུ་གྲོང་རྡལ།

           སྔོན་ཆད་མཁས་པ་ལ་ལས་རྩོམ་ཡིག་སྤེལ་ཏེ་སྐུ་བརྙན་བྲིས་མ་འདི་བོད་བཙན་པོའི་དུས་སྐབས་སུ་བཞེངས་པར་འདོད། དེར་སློབ་དཔོན་ཆེན་མོ་ཝུན་ལགས་ཀྱིས་བསྟན་པར། བོད་བཙན་པོའི་དུས་སྐབས་སུ་བཞེངས་པའི་བྱང་ཆུབ་སེམས་དཔའ་ལ་དབུ་རུ་དབུ་རྒྱན་དང་། སྐུ་ལ་གོང་བ་ཕྱིར་བསྒྱུར་གྱི་ཕྱུ་བ་བསྣམས་ཡོད་དེ། དཔེར་ན། དུས་རབས9བའི་དུས་སྟོད་དུ་བཞེངས་པའི་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྐུ་བརྙན(རྒྱ་བཟའ་ཀོང་ཇོའི་ལྷ་ཁང) ལྟ་བུ་རེད། འོན་ཀྱང་འདིར་བཞེངས་པའི་བྱང་ཆུབ་སེམས་དཔའི་སྐུ་ནི་བོད་བཙན་པོའི་དུས་སྐབས་དང་གཏན་ནས་མི་འདྲ་ཞིང་དེ་ལ་བལ་བོའི་མ་ལ་རྒྱལ་རབས་སྐབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། ཁྱད་ཆོས་དེ་འདྲ་ནི་བོད་བཙན་པོའི་དུས་སྐབས་སུ་ཐོན་མི་སྲིད་པ་ཞིག་རེད།


སློབ་ད
པོན་ཆེན་མོ་ཝུན་ལགས་ཀྱིས་ས་གནས་དངོས་སུ་རྟོག་ཞིབ་གནང་བཞིན་པ།

           སློབ་དཔོན་ཆེན་མོ་ཝུན་ལགས་ཀྱིས་སྐུ་བརྙན་བྲིས་མ་འདི་བྱུང་བ་ནི་རྐྱེན་མེད་གློ་བུར་བ་ཞིག་མིན་པར། དེ་ནི་བསྟན་པ་ཕྱི་དར་སྐབས་སུ་རྒྱ་གར་གྱི་སློབ་དཔོན་ཆེན་མོ་སྨྲི་ཏི་དང་ཁོང་གི་སློབ་མས་གནས་འདིར་ཆོས་སྤེལ་བ་དང་འབྲེལ་བ་ཡོད་པར་གསུངས།


གཙོ་སྐུའི་གཡས་ཕྱོགས་སུ་བཞུགས་པ་ནི་སྤྱན་རས་གཟིགས་ཡིན།

            སློབ་དཔོན་ཆེན་མོ་ཝུན་ལགས་ཀྱིས་སྐུ་བརྙན་བྲིས་མ་འདི་ལ་སྒྱུ་རྩལ་གྱི་རིན་ཐང་དང་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་དེ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བགྱི་བའི་སྡེ་ཚན་གྱི་གྲས་སུ་འཇོག་པའི་དགོངས་འཆར་བཏོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།