བོད་ཡིག་གི་དངོས་མང་བཤམས་སྟོན་ཁང་ཐོག་མ་དེ་སྙེ་མོ་རྫོང་ཐོན་པ་སྡེ་བ་རུ་བཞེངས་རྒྱུ་ཡིན་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:བོད་ལྗོངས་གསར་འགྱུར་དྲ་བ།   དུས་ཚོད།:2011-07-04 08:44:00 ཀློག་གྲངས།:

            ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་སྡེ་བ་ནི་བོད་སྤོས་ཐོན་ཡུལ་ཡིན་པ་མ་ཟད། བོད་ཡིག་གསར་བཟོ་གནང་མཁན་ཐོན་མི་སམ་བྷོ་ཊ་མཆོག་གི་སྐུ་ཡུལ་ཡང་ཡིན། ཉེ་ལམ། སྙེ་མོ་རྫོང་ཐོན་པ་སྡེ་བ་ནས་གནས་ཚུལ་ཤེས་གསལ་བྱུང་བ་ལྟར་ན། ཐོན་པ་སྡེ་བས་ད་ལོར་བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་གི་དངོས་མང་བཤམས་སྟོན་ཁང་ཐོག་མ་བཞེངས་འགོ་རྩོམ་རྒྱུ་རེད། དུས་སྐབས་དེར་བཤམས་སྟོན་ཁང་དུ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་གནང་སྐབས་བཀོལ་བའི་སྣག་ཚ་དང་སྨྱུ་གུ་སོགས་བཤམས་སྟོན་གནང་རྒྱུ་ཡིན་ལ། “སྙེ་མོའི་ངོ་མཚར་རྣམ་གསུམ”ནང་གི་ངོ་མཚར་གཞན་གཉིས་ཏེ། རྐོས་མ་དང་བོད་ཤོག་བཟོ་སྟངས་སོགས་ཀྱང་ཐོན་པ་སྡེ་བ་ནས་ཡུལ་སྐོར་མགྲོན་པོ་རྣམས་ལ་སྟོན་རྒྱུ་རེད།

བོད་ཡིག་གི་དངོས་མང་བཤམས་སྟོན་ཁང་འཆར་འགོད་བྱས་ཟིན་པ།

            ཐོན་པ་ཤང་གི་ཤང་དཔོན་ཕུན་ཚོགས་ལགས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་གནང་བའི་གཏམ་རྒྱུད་དམངས་ཁྲོད་དུ་དར་ཁྱབ་ཆེ་མོད། འོན་ཀྱང་མི་མང་པོ་ཞིག་གིས་དེའི་སྐོར་གསལ་པོ་མི་ཤེས་པ་རེད། བོད་ཡིག་གི་དངོས་མང་བཤམས་སྟོན་ཁང་བཞེངས་པས་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་གནང་བའི་གོ་རིམ་གསལ་སྟོན་བྱས་ཆོག་པ་མ་ཟད། ཐོན་པ་སྡེ་བའི་གཏིང་ཟབ་པའི་རིག་གནས་རྒྱབ་རྫོང་ཡང་མངོན་པར་བསྟན་ཆོག་པ་རེད། མིག་སྔར། བོད་ཡིག་གི་དངོས་མང་བཤམས་སྟོན་ཁང་འཆར་འགོད་བྱས་ཚར་ཞིང་ད་ལོར་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་ཡིན་པར་བསྟན།  
            བོད་ཡིག་གི་དངོས་མང་བཤམས་སྟོན་ཁང་གི་འཆར་འགོད་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༢༠༠༠ཡོད་ཅིང་། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་གནང་སྐབས་བཀོལ་སྤྱོད་གནང་བའི་སྣག་ཚ་དང་སྨྱུ་གུ་བཤམས་སྟོན་བྱ་དགོས་པ་མ་ཟད། དེ་མིན་གཞན་ད་དུང་བོད་ཡིག་གི་ལོ་རྒྱུས་དང་ཐོན་མི་སམ་བྷོ་ཊ་དང་ཁོང་གི་མི་ཚེའི་བྱ་གཞག དམངས་ཁྲོད་དུ་དར་བའི་གཏམ་རྒྱུད་དང་བོད་ཀྱི་ལོ་རྒྱུས་སོགས་བཤམས་སྟོན་གནང་རྒྱུ་ཡིན་པ་རེད།  ཕུན་ཚོགས་ལགས་ཀྱིས་མིག་སྔར་ཐོན་མི་སམ་བྷོ་ཊས་བེད་སྤྱད་མྱོང་བའི་དངོས་རྫས་རྣམས་འཚོལ་བཞིན་པའི་སྒང་ཡིན་ལ། ད་ལྟ་ཁ་ཤས་ལག་སོན་བྱུང་ཡོད་པ་དང་དེའི་ཁྲོད་དུ་ཐོན་མི་སམ་བྷོ་ཊས་བཀོལ་མྱོང་བའི་ལྕུག་ཕྲན་གྱིས་བསླས་པའི་སྒམ་ཞིག་ཡོད་ཅེས་གསུངས་བྱུང་།

“སྙེ་མོའི་ངོ་མཚར་རྣམ་གསུམ”ཕྱོགས་གཅིག་ཏུ་བསྡུས་ཏེ་ཡུལ་སྐོར་བ་ཚོ་དེ་ཇི་ལྟར་བཟོ་བའི་ལས་ལ་ཞུགས་སུ་འཇུག་པ།

            ཕུན་ཚོགས་ཀྱིས་གསུངས་པ་ལྟར་ན།  བོད་སྤོས་དང་རྐོས་མ། བོད་ཤོག་བཅས་གསུམ་ལ་“སྙེ་མོའི་ངོ་མཚར་རྣམ་གསུམ”དུ་འབོད་ཅིང་། བོད་སྤོས་ཐོན་སྐྱེད་བྱེད་གནས་གཙོ་བོ་ཐོན་པ་སྡེ་བར་ཡོད་པ་དང་། ཐོན་པ་སྡེ་བའི་མང་ཚོགས་ཀྱིས་ཆུ་ཐོན་ཁུངས་མོད་པོ་དང་གནམ་གཤིས་ཀྱི་དགེ་མཚན། ཕུན་སུམ་ཚོགས་པའི་ཐོན་ཁུངས། ཁྱད་མཚར་ལྡན་པའི་ལག་ཆ་དང་ཐུན་མོང་མ་ཡིན་པའི་བོད་སྤོས་བཟོ་རྩལ་ལ་བརྟེན་ནས་མིང་གྲགས་ཆེ་བའི་སྙེ་མོའི་བོད་སྤོས་ཐོན་སྐྱེད་བྱས་པ་ཡིན་ལ། བོད་ཤོག་གི་ཐོན་སྐྱེད་བྱེད་ཡུལ་གཙོ་བོ་དར་གྲོང་གྲོང་རྡལ་དུ་ཡོད་པ་དང་། རྐོས་མ་ཐོན་སྐྱེད་བྱེད་ཡུལ་གཙོ་བོ་ཕུ་གསུམ་སྡེ་བར་ཡོད། ཡུལ་སྐོར་བ་རྣམས་ཀྱིས་གཅིག་སྡུད་དུ“སྙེ་མོའི་ངོ་མཚར་རྣམ་གསུམ”མཐོང་ཐུབ་པའི་སླད་དུ། སྙེ་མོ་རྫོང་སྲིད་གཞུང་གིས་ཐོན་པ་སྡེ་བར་བོད་ཤོག་དང་རྐོས་མ་བཟོ་གནས་འཛུགས་རྒྱུ་ཐག་གིས་བཅད་ཡོད་པ་རེད། 
            ཕུན་ཚོགས་ལགས་ཀྱིས་“སྐབས་དེར། ཡུལ་སྐོར་བ་ཚོས་ཐོན་པ་སྡེ་བ་ནས་བོད་སྤོས་དང་བོད་ཤོག རྐོས་མ་བཅས་བཟོ་བའི་གོ་རིམ་ཆ་ཚང་མཐོང་ཐུབ་པ་མ་ཟད། ཡུལ་སྐོར་བ་རང་ཉིད་ཀྱང་དངོས་སུ་ལས་དེར་ཞུགས་ནས་གོ་རིམ་ཆ་ཚང་གང་འདྲ་ཡིན་པར་ཉམས་སུ་མྱངས་ཆོག་ལ། ཡུལ་སྐོར་བ་ལ་མཚོན་ན་འདི་ལྟར་བྱས་ཚེ་ད་གཟོད་སྔར་བས་འགུག་ཤུགས་ཡོད་པ་རེད།”ཅེས་གསུངས། 

ལྗོངས་རྒྱུ་ཀུང་སི་འགས་ཐོན་པ་སྡེ་བའི་ལྗོངས་རྒྱུ་གསར་སྤེལ་བྱ་རྩིས་ཡོད་པ།

            ཕུན་ཚོགས་ལགས་ཀྱིས་འདི་ལྟར།   སྙེ་མོ་རྫོང་སྲིད་གཞུང་གིས་གཞན་ད་དུང་ཐོན་པ་སྡེ་བའི་ལྗོངས་རྒྱུའི་རྨང་གཞིའི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད་དེ། རླངས་འཁོར་འཇོག་ས་བཟོས་ནས་ཡུལ་སྐོར་བ་ཐོན་པ་སྡེ་བ་ནས་ཆུ་ཚོད་གཅིག་ལ་བསྡད་ཆོག་པ་བྱས་ཤིང་། ཁོ་ཚོས་གཞན་ད་དུང་ཡུལ་སྐོར་བར་གློག་ཤུགས་ལྕགས་རྟ་མཁོ་སྤྲོད་བྱེད་རྒྱུ་དང་། ཡུལ་སྐོར་བས་གློག་ཤུགས་ལྕགས་རྟར་ཞོན་ནས་བོད་ཤོག་བཟོ་སྟངས་སོགས་ལྟད་མོ་སྣ་ཚོགས་ལ་བལྟས་ཆོག   དེ་མིན་གཞན་ད་དུང་། ཐོན་པ་སྡེ་བའི་ལྗོངས་རྒྱུ་གསར་སྤེལ་གྱི་ལས་དོན་དེ་ཀུང་སི་ཚད་དང་ལྡན་པས་སྤེལ་རྒྱུ་ཡིན་ལ། མིག་སྔར་ལྗོངས་རྒྱུའི་ཀུང་སི་འགའ་རེས་ཐོན་པ་སྡེ་བའི་ལྗོངས་རྒྱུ་གསར་སྤེལ་བྱ་རྒྱུའི་འདོད་ཚུལ་བསྟན་ཡོད་ཅེས་དང་།  ཡང་ཕུན་ཚོགས་ལགས་ཀྱིས“མིག་སྔར་ང་ཚོས་ལྗོངས་རྒྱུ་ཀུང་སི་ལེགས་འདེམས་བྱེད་བཞིན་པའི་སྒང་ཡིན་ཞིང་། ང་ཚོས་དེ་དག་ལས་ཆེས་ནུས་པ་ལྡན་པའི་ཀུང་སི་བདམས་ཏེ་ཡུལ་སྐོར་བར་ཞབས་ཞུ་ལེགས་པོ་སྒྲུབ་རྒྱུ་ཡིན།” ཞེས་གསུངས་བྱུང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།