2011ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་པེ་ཅིང་མཚམས་སྦྱོར་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-07-11 09:27:00 ཀློག་གྲངས།:


2011ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་པེ་ཅིང་མཚམས་སྦྱོར་ཚོགས་འདུའི་ཚོགས་ར། 

            ཟླ7པའི་ཚེས7ཉིན། “2011ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་པེ་ཅིང་མཚམས་སྦྱོར་བའི་ཚོགས་འདུ”པེ་ཅིང་བོད་ལྗོངས་ཐོག་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་ཞོ་སྟོན་དུས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མ་ཞིན་མིང་གིས་ཚོགས་ཐོག་ནས་ལྷ་སའི་ཞོ་སྟོན་དུས་ཆེན་མཚམས་སྦྱོར་ཞིབ་ཕྲ་གནང་བ་དང་། ད་ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཟླ8པའི་ཚེས29ཉིན་ནས་ཟླ9པའི་ཚེས4ཉིན་བར་ལྷ་ས་ནས་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ལ། དུས་ཆེན་གྱི་བརྗོད་བྱ་ནི“བདེ་ཞིང་སྐྱིད་པའི་ལྷ་ས། ཕུན་སུམ་ཚོགས་པའི་ཞོ་སྟོན ” ཞེས་པ་དེ་ཡིན།


ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་ཞོ་སྟོན་དུས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་
རིན་གཞོན་པ་མ་ཞིན་མིང་གིས་ཚོགས་ཐོག་ཏུ་ལྷ་སའི་ཞོ་སྟོན་དུས་ཆེན་མཚམས་སྦྱོར་བྱེད་བཞིན་པ།

            ལྷ་སའི་ཞོ་སྟོན་དུས་ཆེན་ཞེས་པ་ནི་ཞོ་བཞེས་པའི་དུས་ཆེན་ཞེས་པའི་དོན་དང་མཚུངས་ལ། དེ་ནི་བོད་ཀྱི་ལོ་སར་གྱི་འཕྲོ་ནས་བརྩིས་པའི་སྲོལ་རྒྱུན་གྱི་དུས་ཆེན་ཆེན་མོ་ཞིག་ཡིན་པ་མ་ཟད། མིག་སྔར་བོད་ལྗོངས་ལ་ཡོད་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག76ཡོད་པའི་ནང་གི་གཅིག་ཡིན།   ཞོ་སྟོན་དུས་ཆེན་ནི་སྤྱི་ལོ་དུས་རབས11པའི་དུས་དཀྱིལ་དུ་བྱུང་ཞིང་། དང་པོར་ཆོས་ལུགས་དུས་ཆེན་གྱི་བྱ་འགུལ་ཁོ་ན་ཙམ་ཡིན་པ་རེད།   དུས་རབས17པའི་དུས་སྨད་དུ། ཞོ་སྟོན་དུས་ཆེན་དེ་རིམ་བཞིན་ལྷ་མོའི་ཟློས་གར་འཁྲབ་པ་དང་གོས་སྐུ་བཤམས་པ་གཙོར་བྱས་ཤིང་རིག་རྩལ་དང་ཆོས་ལུགས་ཟུང་དུ་འབྲེལ་བ་ཁོ་ནའི་དུས་ཆེན་གལ་ཆེན་ཞིག་ཏུ་གྱུར་པས། མིང་གཞན་ལ་ལྷ་མོའི་ཟློས་གར་དུས་ཆེན་ནམ་གོས་སྐུ་བཤམས་པའི་དུས་ཆེན་དུ་འབོད་པ་རེད། 
            1994ལོ་ནས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་ནས་བཟུང་། ཞོ་སྟོན་དུས་ཆེན་དེ་ད་ལྟ་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་བསྡུར། ཡུལ་སྐོར་སྤྲོ་འཆམ་དང་ཚོང་དོན་གྲོས་མོལ་སོགས་གཞི་གཅིག་ཏུ་འདྲེས་ཤིང་། སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་དང་དེང་རབས་འཚོ་བའི་རྣམ་པ་གཉིས་ཀ་ལྡན་པའི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་དུས་སྟོན་ཆེན་མོ་ཞིག་ཏུ་གྱུར་ཡོད་པ་རེད།


བོད་ཀྱི་ཁྱད་ཆོས་མངོན་པར་ལྡན་པའི་ཚོགས་འགོ་འཛིན་པའི་གླུ་གར་འཁྲབ་སྟོན།

            མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཞོ་སྟོན་དུས་ཆེན་དུ་འབྲས་སྤུངས་དགོན་པའི་གོས་སྐུ་བཤམས་པ་དང་། ཟློས་གར་འཁྲབ་སྟོན་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་པ་སོགས་གཙོར་བྱས་པའི་སྲོལ་རྒྱུན་དུས་སྟོན་གྱི་བྱ་འགུལ་དང་། སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན་དང་གཡག་རྒྱུག  རྡོ་འགྱོག གླིང་ཆེན་ས་གཤག་སོགས་གཙོ་བྱས་པའི་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ། གནམ་མཚོའི་རྐང་བགྲོད་ཚོགས་ཆེན་དང་རྒྱལ་བཟང་ལམ་རྙིང་དུ་རྐང་ཐང་ལ་འགྲོ་བ་དང་རྟ་རྒྱུག་དུས་ཆེན། བརྙན་པར་སྒྱུ་རྩལ་འགྲེམས་སྟོན་བྱེད་པ་སོགས་གཙོ་བྱས་པའི་མཐོ་སྒང་གི་ཡུལ་སྐོར་བྱ་འགུལ། གླུ་ལེན་འགྲན་བསྡུར་དང་བྱད་གཟུགས་འགྲན་བསྡུར། སྦི་རག་དུས་ཆེན། གླིང་ག་འགྲིམ་པ་སོགས་གཙོ་བྱས་པའི་རིག་རྩལ་སྤྲོ་གསེང་བྱ་འགུལ།   བདེ་སྐྱིད་ལྡན་པའི་གྲོང་ཁྱེར་གྱི་ཧྲི་ཀྲང་གི་བགྲོ་གླེང་ཚོགས་འདུ་གཙོ་བྱས་པའི་རིག་གཞུང་བགྲོ་གླེང་བྱ་འགུལ། ཚོང་རྫས་འགྲེམས་ཚོང་བྱེད་པ་དང་མ་རྩ་ནང་འདྲེན་བྱ་རྒྱུ་གཙོ་བྱས་པའི་ཚོང་དོན་གྲོས་མོལ་གྱི་བྱ་འགུལ་སོགས་རིགས་ཆེན་པོ་དྲུག་དང་བྱ་འགུལ་ཁག18འདུས་ཡོད་པ་རེད།
            པེ་ཅིང་ཧྲི་ཨུའི་དྲིལ་བསྒྲགས་པུའུ་ཡི་སྐོར་ཞིབ་པ་གཞོན་པ་ལུའི་ཆིན་ཚོགས་འདུར་ཞུགས་ཤིང་ཚོགས་ཐོག་ཏུ་གཏམ་བཤད་གནང་ནས། པེ་ཅིང་དུ་ཡོད་པའི་ཡུལ་སྐོར་ལས་དོན་ཁང་སོ་སོས་ངེས་པར་དུ་གང་ཐུབ་སྒོས་ཡུལ་སྐོར་བ་རྩ་འཛུགས་བྱས་ཏེ་ལྷ་སའི་ཞོ་སྟོན་དུས་ཆེན་ལ་ཞུགས་སུ་འཇུག་དགོས་ལ། པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་རྣམས་ལ་མཐོ་སྒང་གི་མཛེས་ཉམས་དང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས། ཞོ་སྟོན་དུས་ཆེན་གྱི་ངོ་མཚར་བའི་ཁྱད་ཆོས་བཅས་ཉམས་སུ་མྱོང་དུ་འཇུག་པའི་རེ་འདུན་བཏོན་པ་མ་ཟད། རྒྱ་ཆེའི་ཁེ་ལས་པ་རྣམས་ཀྱིས་ལྷ་ས་རུ་མ་རྩ་བཏང་སྟེ་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་། རང་ཉིད་དང་ཁེ་ལས་གཉིས་ཀར་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་ཆེན་པོ་འཚོལ་ཞིབ་བྱས་ནས། བདེ་སྐྱིད་ལྡན་པའི་མ་འོངས་པ་བརྩོན་ལེན་དང་འཆར་འགོད་བྱ་དགོས་པར་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།