མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་བའི་སྐོར་ལ་ཞིབ་འཇུག་བགྲོ་གླེང་གནང་པ།
གོ་ལ་ཧྲིལ་བོའི་ནམ་ཟླའི་འགོ་རྩོམ་ས་ལྟ་བུར་གྱུར་བའི་མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་བས་གོ་ལ་ཧྲིལ་བའི་ནམ་ཟླའི་འགྱུར་བར་ཤུགས་རྐྱེན་གང་དག་ཐེབས་ཡོད་དམ། ཟླ7པའི་ཚེས12ཉིན་ནས་ཚེས13བར། གོ་ལ་ཧྲིལ་བོའི་ནམ་ཟླའི་ཆེད་མཁས་པ་དང་ཡོན་ཏན་པ་རྣམས་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་དུ་འདུས་ཏེ། མཉམ་དུ་མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་བ་དང་སྐྱེ་ཁམས་མ་ལག་གི་ཐན་རྫས་གསོག་པའི་བྱེད་ནུས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བགྲོ་གླེང་གནང་བ་རེད།
ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་སྟེང་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཅང་ཙེ་ཧུའེ་ཡིས་《ནམ་ཟླའི་འགྱུར་བ་དང་སྤྱིའི་སྐྱེ་ཁམས་མ་ལག་དོ་དམ་བྱེད་ཐབས》བརྗོད་བྱ་ཡིན་པའི་སྙན་ཞུ་ཕུལ་ཞིང་། ཁོ་མོས་བསྟན་པར། མཚོ་བོད་མཐོ་སྒང་ནི་གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་བའི་“གཉན་ས་”དང་“འགོ་རྩོམ་གནས་” ལྟ་བུ་ཡིན་ལ། མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་བ་ནི་རྒྱལ་སྤྱིའི་སྟེང་དོ་སྣང་བྱེད་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། དེའང་མིའི་རིགས་ཚང་མར་འཕྲད་པའི་ཐུན་མོང་གི་དཀའ་ཁག་ཅིག་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་ཚད་འཇལ་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། 1961ལོ་ནས2008ལོའི་བར་གྱི་ལོ་ངོ47གྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཆ་སྙོམས་དྲོད་ཚད་ཇེ་མཐོར་འགྲོ་བའི་རྣམ་པ་མངོན་ཞིང་། དྲོད་ཚད་ཇེ་མཐོར་འགྲོ་ཚད་ནི་ལོ10རེ་ལ0.35℃ཡིན་པ་དང་། གོ་ལ་ཧྲིལ་བོའི་ལོ10རེར0.13℃དང་རྒྱལ་ཡོངས་ཀྱི་ལོ10རེར0.16℃འཕར་བའི་ཆུ་ཚད་ལས་མངོན་གསལ་གྱིས་མཐོ་བ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་སྐོར་གྱི་ཡིག་ཆ་ལས་མངོན་པ་ལྟར་ན། ཉེ་བའི་ལོ41(1961ལོ་ནས2002ལོ)གི་རིང་ལ། མཚོ་བོད་མཐོ་སྒང་གི་དབུས་ཁུལ་དང་ཤར་ཁུལ་གྱི་དྲོད་ཚད་ལོ10རེར་0.26℃ འཕར་བཞིན་ཡོད་ལ། གོ་ལ་ཧྲིལ་བོ་དང་ཀྲུང་གོའི་ཆ་སྙོམས་ཀྱི་དྲོད་ཚད་འཕར་ཚད་ལས་མཐོ་བ་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་སྒོས་མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་བས་སྐྱེ་ཁམས་མ་ལག་དང་ཐན་རྫས་གསོག་པའི་བྱེད་ནུས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ལ་ཞིབ་འཇུག་བགྲོ་གླེང་བགྱི་བ་དང་། རྒྱལ་ཁབ་ཕྱི་ནང་གི་ནགས་ཚལ་དང་སྐམ་སའི་ཐན་རྫས་གསོག་པའི་སྐོར་གྱི་ཞིབ་འཇུག་འབྲས་བུ་བགྲོ་གླེང་བྱེད་པ། མཚོ་བོད་མཐོ་སྒང་ངམ་ཀྲུང་གོའི་ནུབ་ཕྱོགས་ས་ཁུལ་གྱི་སྐམ་སའི་སྐྱེ་ཁམས་མ་ལག་གི་ཐན་རྫས་གསོག་པའི་ལག་རྩལ་ཐབས་ལམ་དང་རྒྱུན་མཐུད་འཕེལ་རྒྱས་དོ་དོམ་སྐོར་གྱི་སྲིད་ཇུས་ལ་བགྲོ་གླེང་གནང་བ་དེ་ཡིན་པས། དོན་སྙིང་ཆེན་པོ་ལྡན་པ་རེད།
སྟག་འབུམ་ཐར་ལགས་ཀྱིས། ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་བརྒྱུད་དེ། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཆེད་མཁས་པ་དང་ཡོན་ཏན་པ་རྣམས་ཀྱིས་གོམ་གང་མདུན་སྤོས་སྒོས་མཚོ་སྔོན་དང་མཉམ་ལས་གནང་སྟེ། མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་བ་དང་སྐྱེ་ཁམས་མ་ལག་གི་ཐན་རྫས་གསོག་པའི་བྱེད་ནུས་དང་ཐན་རྫས་གསོག་པའི་ནགས་ལས་སོགས་ཀྱི་ཁྱབ་ཁོངས་སུ་ཞིབ་འཇུག་བྱས་ནས། ནམ་ཟླའི་འགྱུར་བར་བཅོས་ཐབས་གང་འཚམ་སྤྱད་དེ་ཀྲུང་གོའམ་གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མཛད་རྗེས་གསར་བ་འཇོག་དགོས་ཞེས་གསུངས།
ཚོགས་འདུའི་སྐབས་སུ། ཨོ་ཐ་ལི་ཡའི་རྒྱལ་སྤྱིའི་འཕེལ་རྒྱས་སྡེ་ཁག་གི་ལས་བྱེད་པ་མ་ཏིང་·ཞི་ཨེར་དང་། རྒྱལ་ཁབ་ནགས་ལས་ཅུའུ་ཡི་ནམ་ཟླའི་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་དང་ཀྲུང་གོའི་གནོད་མེད་ཐན་རྫས་གསོག་པའི་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ལི་ནུའུ་སོགས་ཆེད་མཁས་པའི་དགོངས་དོན་ལྟར་ན། མཚོ་བོད་མཐོ་སྒང་གི་ནམ་ཟླ་ཇེ་དྲོར་འགྱུར་བའི་གནད་དོན་དེ་ཐག་གཅོད་བྱེད་ན། ངེས་པར་དུ་མཐོང་ལམ་རྒྱ་ཆེ་ས་དང་ཚད་མཐོ་ས་ནས་སྤྱིའི་སྐྱེ་ཁམས་མ་ལག་དོ་དམ་གྱི་བཞེད་དགོངས་དང་ཐབས་ལམ་ལྟར་དུ། མི་གྲངས་ཐོན་ཁུངས་དང་ཁོར་ཡུག སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ཐན་རྫས་འཚོལ་ཞིབ་བྱེད་པ་དང་ཐན་རྫས་ཉོ་ཚོང་གི་རྣམ་པ་ཇེ་བཟང་དུ་བཏང་ནས། མཚོ་སྔོན་གྱི་ནགས་ལས་དེ་ནམ་ཟླ་ཇེ་དྲོར་འགྱུར་བའི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་ལས་འགུལ་གྱི་ཁྲོད་དུ་བཞག་སྟེ། གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་བ་གང་འཚམ་གྱིས་ཐག་གཅོད་བྱེད་པར་མཛད་རྗེས་གསར་བ་འཇོག་དགོས་པར་འདོད་དོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com