ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་བསྡུས་པ།
ཟླ7ཚེས25ཉིན། ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང《མཚོ་སྔོན་བོད་ཡིག་ཚགས་པར》ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་ཟི་ལིང་ནས་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ཅི་ཏེ་མཱ་ཅ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་ལེའུ་ཁྲུན་ཡའོ། ཞིང་ཆེན་འགོ་གཙོ་གཞོན་པ་ཀྲང་ཅན་མཱིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོའོ་ཡེ་སོགས་ཚོགས་འདུ་ལ་འབྱོར་ཞིང་། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའུ་དང་བོད་ལྗོངས་ཚགས་པར། ཀྲུང་གོ་བོད་ཀྱི་དྲ་བ་སོགས་སྨྱན་བྱད་ལས་རིགས30ལྷག་ཐེངས་འདིའི་ཚོགས་འདུ་ལ་ཞུགས་ཡོད་པ་རེད།
ཐེངས་འདིའི་གྲོས་ཚོགས་སྟེང་། བོད་སྐད་སྨྱན་བྱད་ལས་རིགས་ཀྱིས་བོད་ཁུལ་གྱི་འཕེལ་རྒྱས་དང་གཏན་འཇགས་ཀྱི་ཕྱོགས་སུ་ཇི་ལྟར་ནུས་པ་འདོན་རྒྱུ་དང་། བོད་སྐད་སྨྱན་བྱད་ལས་རིགས་ཀྱི་གནས་བབ་དང་མདུན་ལམ། ནུས་པ་དང་གོ་གནས། བོད་སྐད་ཡིག་གི་བཀོད་སྤྱོད་དང་འཕེལ་རྒྱས། བོད་ཡིག་བརྡ་ཆད་གསར་བའི་ཚད་ལྡན་རང་བཞིན། མི་རིགས་སྐད་ཡིག་གི་འཕེལ་རྒྱས་གནད་དོན་སོགས་ཀྱི་ཆ་ནས་ཞིབ་བསྡུར་དང་བསམ་བློ་བརྗེ་རེས་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་དང་། ཧྲུའུ་ཅི་གཞོན་པ་ལོ་ཧོས་ཉིན་གཉིས་ཀྱིས་ཚོགས་འདུ་ལ་སྨོན་ཚིག་སྐུར་ནས། ཀྲུང་གོའི་བོད་སྐད་སྨྱན་བྱད་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང《མཚོ་སྔོན་བོད་ཡིག་ཚགས་པར》ལོ་འཁོར60ལོན་པར་རྟེན་འབྲེལ་ཞུས་ཤིང་། བོད་ཡིག་གསར་འགྱུར་ལས་སྒྲུབ་པས་བོད་ཀྱི་སྨྱན་བྱད་བརྒྱུད་བསྒྲགས་ཀྱི་ཁྱད་འཕགས་རང་བཞིན་དང་ནུས་པ་འདོན་སྤེལ་སྒོས་མཉམ་འབྲེལ་ལམ་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། བོད་སྐད་སྨྱན་བྱད་ཀྱི་དུས་རབས་གསར་བའི་གནས་ས་གཏན་འཁེལ་དང་ཆེས་ལེགས་པའི་བརྒྱུད་བསྒྲགས་བྱེད་སྟངས་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་བོད་སྐད་སྨྱན་བྱད་འདི་ཆ་འཕྲིན་གྱི་དུས་རབས་གསར་བའི་ནང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་ཆེས་ཁྱབ་ཆེ་བའི་ཆ་འཕྲིན་དྲིལ་སྒྲོག མི་རིགས་རིག་གནས་ཀྱི་སྨྱན་བྱད་ནུས་པ་རྒྱུན་འཛིན། བོད་ཁུལ་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་མགྱོགས་མྱུར་ངང་འཕེལ་པར་ཡར་སྐུལ་བྱེད་པ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ནུས་ཤུགས་གང་ལེགས་འདོན་སྤེལ་བྱེད་དགོས་ཞེས་ཟེར།
ཅི་ཏེ་མཱ་ཅས་བོད་སྐད་སྨྱན་བྱད་ལས་རིགས་ཀྱིས་ཁྱད་འཕགས་ནུས་བ་འདོན་སྤེལ་སྒོས་དྲིལ་སྒྲོག་བྱེད་ཤུགས་མཐོ་རུ་འདེགས་ཤིང་། བོད་སྐད་སྨྱན་བྱད་ལས་རིགས་འདི་བསམ་བློ་རང་བཞིན་དང་ཆབ་སྲིད་རང་བཞིན་ཞིག་ཏུ་འགྱུར་རྒྱུ་དང་། ཀློག་བདེ་ལ་སྤྲོ་བ་འཕེལ་པ་ཞིག་བྱེད་དགོས། སྨྱན་བྱད་ལས་རིགས་མི་སྣས་མཚོ་སྔོན་བོད་སྐད་སྨྱན་བྱད་ལས་རིགས་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ཉམས་མྱོང་དང་བསམ་འཆར་འདོན་པ་དང་། མཚོ་སྔོན་བོད་སྐད་སྨྱན་བྱད་ལས་རིགས་ཀྱིས་ཞིང་ཆེན་གཞན་ཀྱི་ཉམས་མྱོང་དང་བྱེད་སྟངས་སོགས་ལ་སློབ་སྦྱོང་བྱས་ཏེ། མང་ཚོགས་ལ་དྲིལ་སྒྲོག་དང་མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་ཚད་མཐོར་འདེགས་སྒོས་མཚོ་སྔོན་འདི་ཉིད་དཔལ་ཡོན་དང་འབྱོར་ཕྱུག འཆམ་མཐུན་ཡོང་བར་མཛད་རྗེས་ཆེན་པོ་འཇོག་དགོས་ཞེས་ཟེར།
ཀྲང་ཅན་མིན་གྱིས་རང་རྒྱལ་གྱི་བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ས་ཁུལ་ལྔའི་དཔལ་འབྱོར་མཉམ་འབྲེལ་ཉིན་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་གནས་ཁྲིད་དང་ཡར་སྐུལ་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ནང་རང་འགུལ་གྱིས་ཟབ་ཞུགས་བྱེད་དུ་འཇུག་རྒྱུ་དང་། གསར་འགྱུར་དྲིལ་སྒྲོག་གི་སྔོན་དཔག་རང་བཞིན་དང་ཁ་གཏད་རང་བཞིན་ལ་ཤུགས་བསྣོན་པ། རང་ཉིད་ཀྱི་སྨྱན་བྱད་ལས་རིགས་འདོན་སྤེལ་གང་ལེགས་ཀྱིས་བོད་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྔར་ལས་ལྷག་པར་ཚན་རྩལ་རིག་གནས་དང་དཔལ་འབྱོར་ཤེས་བྱ། ལོ་རྒྱུས་རིག་གནས་སོགས་འདུས་པའི་ཆ་འཕྲིན་འདོན་སྤྲོད་བྱས་ཏེ། ས་ཁུལ་སོ་སོའི་འཕེལ་རྒྱས་དང་མི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བར་ནུས་ཤུགས་གང་ཡོད་འདོན་དགོས་ཞེས་བསྟན།
ཚོགས་འདུའི་སྐབས་སུ། 2009ལོའི་ཟླ6པ་ནས2011ལོའི་ཟླ6པའི་བར་བོད་སྐད་སྨྱན་བྱད་དང་ཚགས་པར་སོགས་སུ་སྤེལ་པའི་གསར་འགྱུར་ལེགས་པོ་དང་བསྒྱུར་རྩོམ་ལེགས་ཤོས། དཔྱད་རྩོམ་ལེགས་ཤོས་སོགས་ལེགས་འདེམས་བྱས་ཤིང་། ཉེ་ལམ་བྱུང་བའི་བརྡ་ཆད་གསར་བའི་རིགས་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་གཏན་འཁེལ་དང་། སྨྱན་བྱད་བྱ་བའི་ཉམས་མྱོང་སོགས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱས་ཤིང་། ལྷག་པར་དུ་གཏན་འཇགས་སྲུང་སྐྱོང་དང་། དཔལ་འབྱོར། རིག་གནས་སོགས་འཕེལ་རྒྱས་སུ་གཏོང་བར་སྨྱན་བྱད་ལས་རིགས་ཀྱིས་ནུས་པ་ཇི་ལྟར་འདོན་སྤེལ་དང་བྱེད་སྟངས་ག་འདྲ་སྤྱད་པའི་ཆ་ལ་སོ་སོས་བསམ་འཆར་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com