བོད་ལྗོངས་ཀྱིས་སྔོན་མའི་ལོ་ཕྱེད་རིང་དུ་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་གྲངས་ཁྲི225ལ་སླེབས་པ།
གསར་འགོད་པས་བོད་རང་སྐྱོངས་ལྗོངས་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་སྔོན་མའི་ལོ་ཕྱེད་རིང་དུ། བོད་ལྗོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱས་པ་བསྡོམས་པས་མི་གྲངས་ཁྲི224.9ཟིན་ཡོད་པས། ལོ་སྔོན་མའི་དུས་དང་བསྡུར་ན་བརྒྱ་ཆའི24.8འཕར་ཡོད་པ་རེད།
ཉེ་སྔོན་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་དུ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་དབྱང་གིས་བསྟན་དོན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱིས་ད་ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་རྐྱེན་མི་ཐེབས་པ་མ་ཟད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཐོན་ངེས་རེད་ཅེས་བཤད།
2010ལོར། བོད་ལྗོངས་ཀྱིས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མི་གྲངས་ཁྲི685སྣེ་ལེན་བྱས་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར71.4རག་ཡོད། 2011ལོར། བོད་ལྗོངས་ཀྱིས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མི་གྲངས་ཁྲི750ལྷག་སྣེ་ལེན་བྱེད་ཐུབ་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར76རག་པ་མངོན་འགྱུར་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། ཡུལ་སྐོར་ལས་རིགས་ཀྱི་ནང་ཁུལ་མི་སྣའི་འདོད་ཚུལ་ལྟར་ན། ད་ལྟའི་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ན། ད་ལོའི་ལས་འགན་ལེགས་འགྲུབ་འབྱུང་བར་དཀའ་ཁག་མེད་ཅེས་བཤད།
མིག་སྔར། བོད་ལྗོངས་གོང་དཀར་གནམ་གྲུ་ཐང་དུ་ཉིན་རེར་གནམ་གྲུ་ཕར་འགྲོ་ཚུར་འོང་ཐེངས60ལྷག་བྱེད་པ་དང་། ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་དང་། ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་། གཞིས་ཀ་རྩེའི་ཞི་བདེ་གནམ་གྲུ་ཐང་བཅས་སུ་གཟའ་འཁོར་རེར་གནམ་གྲུ་ཕར་འགྲོ་ཚུར་འོང་ཐེངས62བྱེད་པ་རེད། དེ་དང་དུས་མཚུངས་སུ་ཉིན་རེར་མེ་འཁོར་ཕར་འགྲོ་ཚུར་འོང་ཐེངས་བཅུ་བྱེད་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་དང་སྒེར་གྱི་རླངས་འཁོར་སོགས་སླེབས་མཁན་མང་བས། ཉིན་རེར་བོད་ལྗོངས་སུ་ཡུལ་སྐོར་བྱེད་མཁན་མི་གྲངས་ཁྲི1ལྷག་ཡོད་པ་རེད། ཡུལ་སྐོར་སྡེ་ཁག་གིས་མཁོ་འདོན་བྱས་པའི་གཞི་གྲངས་ལ་གཞིགས་ན། མིག་སྔར་བོད་ལྗོངས་སུ་སྐར་རྟགས་རིམ་པའི་མགྲོན་ཁང173ཡོད་ལ། སྐར་རྟགས་ཅན་དང་སྐར་རྟགས་མེད་པའི་མགྲོན་ཁང་དུ་མལ་ཁྲི་བསྡོམས་པས་ཁྲི8ལྷག་ཡོད་པ་རེད། གཞན་ད་དུང་མིག་སྔར་བོད་རང་སྐྱོང་ལྗོངས་སུ་ཡུལ་སྐོར་སྐྱེལ་འདྲེན་རླངས་འཁོར3000ལྷག་ཡོད་པ་དང་། དེ་དག་ལ་འདུག་གནས་ཁྲི 7ལྷག་ཡོད་པས། ཡུལ་སྐོར་བའི་དགོས་འདོད་སྐོང་ཐུབ་པ་རེད།
མིག་སྔར་ཡུལ་སྐོར་ལས་རིགས་ནི་བོད་ལྗོངས་ཀྱི་སྲོག་ཤིང་ཐོན་ལས་ཤིག་ཏུ་གྲུབ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བཤད་རྒྱུར། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ལྷག་པར་དུ་མཚོ་བོད་ལྕགས་ལམ་ཤར་གཏོང་བྱུང་བ་ནས་བཟུང་། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད། བོད་ལྗོངས་ཀྱིས 2015ལོར་སླེབས་དུས་ལོ་རེར་ཡུལ་སྐོར་བ་མི་གྲངས་ཁྲི1500སྣེ་ལེན་བྱེད་རྒྱུ་ཡིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར180རག་པ། ཡུལ་སྐོར་དཔལ་འབྱོར་གྱི་ལས་ཞུགས་མི་གྲངས་ཁྲི30ལོན་པ་བཅས་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།
གཞི་གྲངས་ལས་མངོན་གསལ་ལྟར་ན། 2006ལོའི་ཟླ7པའི་ཚེས1ཉིན་མཚོ་བོད་ལྕགས་ལམ་ཤར་གཏོང་བྱུང་བ་ནས་ད་ལྟའི་བར་དུ། མེ་འཁོར་དུ་བསྡད་ནས་བོད་ལྗོངས་སུ་ཡུལ་སྐོར་དུ་ཕེབས་མཁན་མི་གྲངས་ཁྲི1000ལྷག་བརྒལ་ཡོད། མཚོ་བོད་ལྕགས་ལམ་གྱི་དབང་གིས་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་ལྗོན་པའི་ཡལ་ག་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་རེད། གཞན་ཡང་བོད་ལྗོངས་ཀྱི་ཆ་ཇེ་ཚང་དུ་འགྱུར་བཞིན་པའི་མཁའ་འགྲུལ་སྐྱེལ་འདྲེན་མ་ལག་དང་གཞུང་ལམ་མ་ལག་གིས་ཀྱང་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྟབས་བདེ་གང་མང་བཟོ་ངེས་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com