བོད་རིགས་རྒན་བཀུར་རིག་གནས་བྱ་འགུལ་མཚོ་སྔོན་ཟི་ལིང་དུ་སྤེལ་པ།
བསམ་འགྲུབ་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས“བོད་རིགས་རྒན་བཀུར་རིག་གནས་བྱ་འགུལ”དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རིའི་གླིང་ག་རུ་སྤེལ་ཞིང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་སྒྲུབ་མི་སྣ་དང་ཟི་ལིང་ས་ཁུལ་གྱི་ངལ་གསོ་ལས་བྱེད་པ་རྒན་གྲས་ཁག དེ་མིན་ཟི་ལིང་ས་ཁུལ་གྱི་བོད་རིགས་མང་ཚོགས་སོགས་བསྡོམས་པས་མི100ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་དང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་གཞི་སྡེ་ཁག་གི་འགོ་གཙོ་རིན་ཆེན་ཟླ་བས་བྱ་འགུལ་ལ་མདོ་འཛིན་བྱས། བྱ་འགུལ་འདིའི་བློ་འདོན་པ་སྟེ་བོད་ཀྱི་རིག་གནས་མཁས་པའམ་སྙིང་རྗེ་རོགས་སྐྱོར་པ་བསམ་འགྲུབ་ཚེ་རིང་གིས་གསུང་བཤད་གནང་བ་དང་བྱ་འགུལ་ལ་ཞུགས་པའི་མང་ཚོགས་རྣམས་ལ་ལྷག་བསམ་འཁོལ་བའི་དགའ་བསུ་ཞུས་ཤིང་། མཚོ་སྔོན་ཚགས་པར་ཁང་དང་ཟི་ལིང་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ལས་རིགས་ཀྱིས་ཐེངས་འདིའི་བྱ་འགུལ་ཁྱབ་བསྒྲགས་བྱས་པ་རེད།
བྱ་འགུལ་སྟེང་ཕ་མར་བྱམས་པའི་མི་སྣ་གསུམ་བདམས་པ།
“བོད་རིགས་རྒན་བཀུར་རིག་གནས་བྱ་འགུལ”ལ“ཕ་མར་དྲིན་ལན་འཇལ་བའི་དུས་ཆེན”ཡང་ཟེར་ལ། དེ་ནི་མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས2007ལོར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་ཡིན་ལ། དེའི་ཡར་སྔོན་དུ་མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་གཅིག་པུས་སྐབས་དང་པོའི“བོད་རིགས་རྒན་བཀུར་རིག་གནས་བྱ་འགུལ”སྤེལ་པ་རེད། བོད་རིགས་རྒན་བཀུར་རིག་གནས་བྱ་འགུལ་ནི་བོད་ཁུལ་དུ་རྒན་བཀུར་གྱི་གཤིས་རྒྱུད་བག་ལ་ཞ་བ་དང་བསམ་བློ་ཀུན་སློང་ལེགས་པའི་གཟེངས་ཐོན་དཔེ་མཚོན་མི་སྣ་འདེམ་པའི་བྱ་འགུལ་ཞིག་ཡིན་ལ། རྒན་པ་ལ་བཀུར་བསྟི་བྱེད་པ་ནི་ནམ་ཡང་བསམ་བློ་ཀུན་སློང་གི་ཚད་གཞིར་འཇོག་གིན་ཡོད་ཅིང་། བྱ་འགུལ་འདི་ལྟ་བུ་བརྒྱུད་དེ་མི་རྣམས་ཀྱིས་ཕ་མར་དྲིན་ལན་འཇལ་དགོས་པའི་འདུ་ཤེས་ཇེ་ལེགས་སུ་གཏོང་བ་དང་། ཕ་མར་བརྩི་བཀུར་བྱེད་རྒྱུ་ནི་སྔར་ནས་ད་བར་དར་བའི་སྲོལ་བཟང་ཞིག་ཏུ་ངེས་ལ། དངོས་པོའི་ཁེ་ཕན་ལ་བརྩོན་ལེན་བྱེད་ཅིང་བསམ་པའི་ཀུན་སློང་ཡལ་བཞིན་པའི་དེང་གི་དུས་རབས་དང་སྤྱི་ཚོགས་སུ་ང་ཚོས་ནང་ཡང་ཕ་མའི་དྲིན་ལན་དེ་ནམ་ནམ་ཞར་ཞར་དུ་བརྗེད་མི་རུང་བ་གསལ་འདེབས་བྱེད་པ་རེད།
བྱ་འགུལ་ལ་ཞུགས་པའི་འགོ་ཁྲིད་དང་མང་ཚོགས།
ཐེངས་འདིའི་བྱ་འགུལ་སྟེང་ཕ་མར་བྱམས་པའི་མི་སྣ་གསུམ་བདམས་ཏེ་གཟེངས་རྟགས་བྱ་དགའ་གནང་བ་སྟེ། ཁོ་ཚོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་གཟའ་མི་གཉིས་དང་། ཡུལ་ཤུལ་ནང་ཆེན་གྱི་དཀོན་མཆོག་ལྷ་རྒྱལ། མཚོ་སྔོན་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཕུར་བ་གཟའ་མི་གཉིས་བཅས་ཡིན། བྱ་འགུལ་མཇུག་རྫོགས་རྗེས། ཚང་མས་མཉམ་དུ་ཁ་ཟས་ལོངས་སྤྱོད་དང་ཞབས་བྲོ་སོགས་འཁྲབ་སྟེ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com