བོད་ལྗོངས་ཀྱིས་བཙན་པོ་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་གྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2011-08-24 09:42:00 ཀློག་གྲངས།:

            ཟླ8ཚེས22ཉིན།  བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་རྒྱ་མ་སྲོང་བཙན་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་རྒྱ་མ་ཤང་ནས་གཟབ་རྒྱས་ངང་འཚོགས་པ་རེད།  ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གིས་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་གྱི་ཡུལ་སྐོར་རིག་གནས་ཚོང་རྟགས་བཞེངས་བསྐྲུན་བྱས་ཤིང་། ཡུལ་སྐོར་ཐོན་ལས་དང་རིག་གནས་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་སྙེག་བྱས་པ་དང་། རྒྱ་མ་སྲོང་བཙན་ཡུལ་སྐོར་རིག་གནས་ཚོང་རྟགས་ཉིན་རེ་བཞིན་མི་སེམས་སུ་བག་ཆགས་ཇེ་ཟབ་ཏུ་འགྱུར་བཞིན་ཡོད་པ་རེད། 
            2007ལོར། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གིས་རྒྱ་མ་སྲོང་བཙན་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་དང་བོར་འཚོགས་པ་རེད། ད་ལྟ་རྒྱ་མ་སྲོང་བཙན་རིག་གནས་དུས་ཆེན་གྱི་ནང་དོན་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། སྒྱུ་རྩལ་དུས་ཆེན་འདི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གླུ་གར་འཁྲབ་སྟོན་བྱེད་སའི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ས་དེ་གའི་མང་ཚོགས་ཀྱིས་ཁྱད་ཐོན་དངོས་རྫས་དང་ཡུལ་སྐོར་རིག་གནས་དྲན་རྟགས་སོགས་ཕྱིར་ཚོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཏུ་གྲུབ་ཡོད་པ་རེད། 
            མལ་གྲོ་གུང་དཀར་རྫོང་ཨུའི་ཧྲུའུ་ཅི་ལིན་ཐའོ་ཡིས་ངོ་སྤྲོད་བྱ་རྒྱུར། སྒྱུ་རྩལ་དུས་ཆེན་གྱིས་རྫོང་ཡོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་སྔོག་འདོན་སྲུང་སྐྱོབ་དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་བཞེངས་བསྐྲུན། ཡུལ་སྐོར་ཐོན་ལས་དང་རིག་གནས་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་སྙེག་བྱེད་པ། ཡུལ་སྐོར་ཐོན་ཁུངས་མོད་པའི་རྫོང་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེ་བའི་རྫོང་དུ་བསྒྱུར་བ། སྤྲོ་སེམས་དང་འགུག་ནུས་ཀྱིས་ཕྱུག་པའི་མལ་གྲོ་གསར་བ་འཛུགས་བསྐྲུན་བྱེད་པ་བཅས་ཀྱི་ཕྱོགས་སུ་ནུས་པ་ཐོན་ཡོད་ལ། ད་ལྟ་སྒྱུ་རྩལ་དུས་ཆེན་འདི་ཡུལ་སྐོར་དང་རིག་གནས། ཚོང་འགུག་དངུལ་འདྲེན་སོགས་གཞི་གཅིག་ཏུ་གྲུབ་པའི་ཡུལ་སྐོར་རིག་གནས་གསར་རྐྱང་གི་རྣམ་གྲངས་ཤིག་ཏུ་གྱུར་ཡོད་པ་རེད། 
            རྒྱལ་བོ་སྲོང་བཙན་སྒམ་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་གལ་ཆེ་བ་དང་། མི་ཚང་མར་ཆེས་ཆ་རྒྱུས་ཆེ་བའི་བཙན་པོ་ཞིག་ཡིན་ལ། ཁོང་གིས་བཙན་པོའི་རྒྱལ་རབས་བཙུགས་ཤིང་། སྲིད་སྐྱོང་བའི་དུས་སྐབས་སུ་ཆོས་ལུགས་དར་སྤེལ་བཏང་བ་དང་བོད་ཀྱི་ཡི་གེ་བཟོས། འཇལ་གཤོར་འདེགས་གསུམ་གྱི་ལམ་ལུགས་གཅིག་གྱུར་བྱས་པ་མ་ཟད། ཐང་རྒྱལ་རབས་དང་བལ་བོ་གཉིས་ལ་གཉེན་འབྲེལ་བཙུགས་པ་རེད། སྤྱི་ལོ 641ལོར། རྒྱ་བཟའ་མུན་ཆང་ཀུང་ཅོ་བོད་ཡུལ་དུ་བསུ་བའི་ཆེད་དུ། སྲོང་བཙན་སྒམ་པོས་ལྷ་སའི་དམར་པོ་རིའི་སྟེང་དུ་ཕོ་བྲང་པོ་ཏ་ལ་བརྩིགས་པ་རེད། 
            ཉེ་བའི་ལོ་འགའི་རིང་དུ། མལ་གྲོ་གུང་དཀར་རྫོང་གིས་ཤུགས་ཆེན་པོས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་བ་དང་། མལ་གྲོ་གུང་དཀར་རྫོང་གི་ནོར་སྲིད་དང་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་སོགས་བཀོལ་ནས། སྲོང་བཙན་སྒམ་པོའི་འཁྲུང་ཡུལ་གྱི་དྲན་གསོ་ཁང་དང་། གནའ་མཁར་རྩིག་ལྡེབས་དང་སྲོང་བཙན་ལྷ་ཆབ་འཛུགས་བསྐྲུན་རྒྱ་ཆེར་གཏོང་བ། སྲོང་བཙན་ལྷ་མཁར་སོགས་འདུས་པའི་རྒྱ་མའི་ཡུལ་ལྗོངས་འཆར་འགོད་འཛུགས་བསྐྲུན་གྱི་ཐད་ལ་མ་དངུལ་ཆེན་པོ་བཏང་ནས་བསྐྲུན་ཡོད་པ་རེད། 
            རྒྱ་མའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ལ། ས་གནས་འདི་ནི་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ 60ཡས་མས་ཀྱི་མཚམས་སུ་གནས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རྒྱལ་རྟགས་གཞུང་ལམ 318 པའི་འགྲམ་དུ་ཡོད་པ་རེད། ལོ་ལྔ་ཚན་བཅུ་གཉིས་ཀྱི་རིང་དུ། མལ་གྲོ་རྫོང་གིས་ས་བབ་ལེགས་པའི་དགེ་མཚན་བཀོལ་བ་དང་། སྲོང་བཙན་སྒམ་པོའི་འཁྲུང་ཡུལ་གྱི་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་གཞི་བྱས་ཏེ། ས་ཁུལ་དང་རིག་གནས་ཀྱི་ཁྱད་ཆོས་ངེས་ཅན་ལྡན་པའི་ཡུལ་སྐོར་ཚོང་རྟགས་བཞེངས་བསྐྲུན་བྱས་པ་དང་། ཡུལ་སྐོར་ལས་རིགས་ནི་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐོན་ལས་གཙོ་བོར་བསྒྱུར་ཡོད་པ་རེད། སྔོན་རྩིས་བྱས་པ་ལྟར་ན། 2015ལོར་སླེབས་དུས་རྫོང་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་གྲངས་ཁྲི 50བརྒལ་ངེས་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།