ཁམས་པ་བོད་སྐད་གྲངས་འཛིན་གློག་བརྙན《མི་རོ་རྩེ་སྒྲུང》ལས《བུ་མོ་གསེར་སྒྲོན》ཕབ་སྐྲུན་བྱས་པ།
ཁམས་པ་བོད་སྐད་གྲངས་འཛིན་གློག་བརྙན《མི་རོ་རྩེ་སྒྲུང》ལས《བུ་མོ་གསེར་སྒྲོན》ཕབ་སྐྲུན་བྱེད་པ།
ཉེ་ལམ། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་སློབ་གསོ་ཅུས་རོགས་སྒྲུབ་གནང་སྟེ་གྲངས་འཛིན་གློག་བརྙན《མི་རོ་རྩེ་སྒྲུང》ལས《བུ་མོ་གསེར་སྒྲོན》ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་། གློག་བརྙན་འདི་ཕྱོགས་ཡོངས་ཀྱི་བསམ་བློའི་འཆར་འགོད་ནས་སྒྱུ་རྩལ་གྱི་རྣམ་པར་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་ཏེ་གནའ་བོའི་བོད་རིགས་མི་དམངས་ཀྱི་སྤྱི་ཚོགས་འཚོ་བ་དང་བསམ་པའི་འགྱུར་བ། དཀའ་སྡུག་གི་འཚོ་བ་ཁྲོད་ཀྱི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་མཚོན་གྱི་ཡོད་པ་ཡིན།
ཕབ་སྐྲུན་གྱི་རྣམ་པ།
རྒྱུས་ལོན་བྱས་པ་ལྟར་ན། ཕབ་སྐྲུན་ལས་སྒྲུབ་མི་སྣ་ནི་གཙོ་བོ་བོད་རིགས་སློབ་མ་ཁག་ཡིན་ཞིང་། གནས་འདི་གར་བོད་ཁུལ་དུ་ཧ་ཅང་དཀོན་པའི་གནའ་བོའི་བཟོ་བཀོད་སོགས་མཆིས་ཤིང་། ཆུ་དམར་ལེབ་དང་ཁྲི་འདུ་བར་གྱི་འཇང་ཐང་རྩྭ་ཐང་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་རྣམས་གློག་བརྙན་དུ་ཕབ་སྟེ། གློག་བརྙན་བརྒྱུད་དེ་བོད་ཁུལ་གྱི་རང་བྱུང་བཀོད་པ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀུན་གྱི་སྤྱན་ལམ་དུ་མངོན་པ་དང་། བོད་ཀྱི་རིག་གནས་ཕྱི་ཕྱོགས་སུ་སྒྲོག་པའི་སྟེགས་བུ་ཞིག་དང་ཕྱི་ཕྱོགས་མི་རྣམས་ཀྱིས་བོད་ཁུལ་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ཞིག་སྐྲུན་པ་རེད། གློག་བརྙན་འདི་དུས་འགོའི་གྲ་སྒྲིག་ནས་འཁྲབ་མི་རྩ་འཛུགས། འཁྲབ་གཞུང་གཏན་འཁེལ་དང་ཕབ་སྐྲུན་སོགས་ཀྱི་གོ་རིམ་ལ་དུས་ཡུན་ཟླ་བ་དྲུག་བེད་སྤྱད་དེ་གཟེངས་སུ་ཐོན་པའི་མི་རིགས་དམངས་ཁྲོད་གཏམ་རྒྱུད་འདིའི་དུས་འགོའི་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་རེད།
ཕབ་སྐྲུན་བྱེད་པའི་མཛེས་ཡུལ་ལྗོངས།
འཁྲབ་ཁྲིད་པའམ་ཡུལ་ཤུལ་གྱི་བོད་རིགས་གླུ་བ་བདེ་སྐྱིད་ཚེ་རིང་གིས་བཤད་རྒྱུར། སྨྱན་བྱད་རིག་གནས་དར་སྤེལ་བྱུང་བའི་དེང་གི་དུས་འདིར། བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་གཏམ་རྒྱུད་རྣམས་རྒྱུན་འཛིན་དང་དར་སྤེལ་གཏོང་ཞིང་། གཟེངས་སུ་ཐོན་པའི་མི་རིགས་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་རྒྱུ་ནི་ན་གཞོན་གང་མང་ཞིག་གི་ཕུགས་འདུན་ཡིན་ཏེ། ལོ་གང་མང་སྔོན་ནས་ངས་གློག་བརྙན་ཕབ་སྐྲུན་བྱེད་པའི་འདུན་པ་བཅངས་མྱོང་ནའང་ཆ་རྐྱེན་གྱི་ཚད་བཀག་རང་བཞིན་དང་རང་ཉིད་ཀྱི་ཆེད་ལས་ཆུ་ཚད་དམན་པ་སོགས་རྐྱེན་གྱིས་མངོན་འགྱུར་བྱུང་མ་ཐུབ་པ་རེད། ཐེངས་འདིར་ལས་རིགས་མི་སྣ་གང་མང་གི་ཡིད་རྟོན་དང་རྒྱབ་སྐྱོར་འོག ང་རང་ལ་ཕུགས་འདུན་མངོན་པའི་གོ་སྐབས་བསྩལ་བ་ཡིན་པས། ངས་ཁྱེད་རང་ཚོ་ཡིད་འཕུང་དུ་འཇུག་ངེས་མིན་ཟེར།
ཕབ་སྐྲུན་ཡུལ་དངོས།
མཇུག་མཐར། བདེ་སྐྱིད་ཚེ་རིང་གི་ཚབ་བྱེད་བརྩམས་ཆོས《མི་རོ་རྩེ་སྒྲུང》ལས《བུ་མོ་གསེར་སྒྲོན》ཕབ་སྐྲུན་ལ་ཞུགས་པའི་འཁྲབ་སྟོན་པ་ཡོངས་ཀྱིས"ཐེངས་འདིར་དཀའ་ཁག་གི་གོ་རིམ་གང་མང་བརྒྱུད་དེ་མཐའ་མཇུག་གི་རྒྱལ་ཁའི་གྲུབ་འབྲས་བླངས་བ་ཡིན་ལ། གཙོ་ཆེར་ས་གནས་ཁག་གི་འགོ་ཁྲིད་རྣམ་པ་དང་སྤྲོ་སེམས་རྒྱས་པའི་མང་ཚོགས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་འདུག ཁོང་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་ད་གཟོད་གློག་བརྙན་ཕབ་སྐྲུན་ལེགས་འགྲུབ་བྱུང་ཐུབ་པ་རེད། རྒྱལ་ཁ་ལོན་ཡང་མ་ལོན་རུང་ང་ཚོས་ཐོག་དང་པོའི་གོམ་ཁ་སྤོས་ཟིན་པ་ཡིན་ལ། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པ་ཁོ་ཐག་ཡིན། གང་ལྟར་གློག་བརྙན་འདི་སྔ་མོ་ནས་ཡུལ་མི་རྣམ་པའི་སྤྱན་ལམ་དུ་མངོན་ཐུབ་པར་སྨོན་འདུན་ཞུས་པ་ཡིན། དེ་མིན་འདི་ལྟ་བུའི་གློག་བརྙན་ཕབ་སྐྲུན་བརྒྱུད་དེ་མི་གང་མང་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་དམངས་ཁྲོད་རིག་གནས་ལ་ཞིབ་འཇུག་དང་སྔོག་འདོན་བྱེད་པར་ཤུགས་རྐྱེན་ཐེབས་ངེས་ཤིང་། མི་རྣམས་ཀྱིས་གློག་བརྙན་འདི་ལ་ལྟོས་པ་བརྒྱུད 《མི་རོ་རྩེ་སྒྲུང》སོགས་དོན་སྙིང་ཆེན་པོ་ལྡན་པའི་མི་རིགས་དམངས་ཁྲོད་རིག་གནས་ཡོངས་སུ་མངོན་པར་བྱ་དགོས"ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com