མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་ཐབས་ལམ་འཚོལ་ཞིབ་བྱས།
2007ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གུང་ཧོ་རྫོང་དང་ཐུན་ཏེ་རྫོང་། ཀོས་ནན་རྫོང་བཅས་རྫོང་གསུམ་གྱི་སྡེ་བ་གསུམ་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟའི་བྱ་བ་སྤེལ་ཏེ། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཕ་ཡག་སྡེ་བ་དཔེ་གཞི་ཡིན་པའི་རྩྭ་སའི་ལེགས་བསྡུས་བདག་གཉེར་དང་། ཀོས་ནན་རྫོང་ཐར་ཤུལ་ཞང་ཙག་དཔའ་སྡེ་བ་དཔེ་གཞི་ཡིན་པའི་གཟན་རྩྭ་བཏབ་ནས་ཕྱུགས་གསོ་བ། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་ཁོ་རྒན་སྡེ་བ་དཔེ་གཞི་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཐོག་མར་ཆགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་ཕྱུགས་ལས་དཔལ་འབྱོར་འཕར་སྣོན་འབྱུང་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱུང་། 2009ལོའི་ཟླ་བཅུ་བར། ཚན་རྩལ་པུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་པུའུ་ཨུ་བཅུ་བདུན་གྱིས་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་ཞིབ་དཔྱད་བྱས་བ་བརྒྱུད་དེ། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་དེ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་གྱི་་རིམ་པར་འཕར་ནས། མཚོ་སྔོན་ཕྱུགས་ལས་ས་ཁུལ་གྱི་སྲོལ་རྒྱུན་ཕྱུགས་ལས་དཔལ་འབྱོར་དེ་དེང་རབས་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་ཀྱི་ཕྱོགས་སུ་བསྒྱུར་བར་དཔེ་སྟོན་གྱི་ནུས་པ་གལ་ཆེན་བསྐྱེད།
མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་གཅིག་པུ་ཡིན། ཚོད་ལྟའི་ས་ཁུལ་དེ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དང་དེའི་མཐའ་འཁོར་ས་ཁུལ་དུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི་གཅིག་ལྷག་ཡོད་པ་དང་། མི་གྲངས་འབུམ་གཅིག་ཁྲི་གཅིག་ལྷག་ཡོད། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བས། མཚོ་སྔོན་ཞིང་ཆེན་གྱི་གཟན་རྩྭ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ཆེན་པོ་ཡོད། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ། མཚོ་ལྷོ་ཁུལ་དང་ཐ་ན་མཚོ་བོད་མཐོ་སྒང་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན།
2007ལོའི་ལོ་མཇུག་ཏུ་མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་གྱི་རེ་འདུན་ཞུས་ཤིང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་འཛུགས་པར་ཆོག་མཆན་བཀོད་པའི་དུས་མཚུངས་སུ། ཚན་རྩལ་པུའུ་ལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་གྱི་རེ་ཞུ་ཕུལ། 2009ལོའི་ཟླ་བདུན་པར། ཚན་རྩལ་པུའུ་ཡི་ཆེད་མཁས་པ་མཚོ་སྔོན་དུ་ཡོང་ནས་མཚོ་ལྷོ་ཁུལ་གྱི་ཡུལ་དངོས་ནས་རྟོག་ཞིབ་བྱས་བ་དང་། ཚོད་ལྟའི་ས་ཁུལ་གྱི་འཛུགས་སྐྲུན་བྱ་བའི་ཡར་ཞུར་ཉན་པ་མ་ཟད། ཚོད་ལྟའི་ས་ཁུལ་གྱི་བྱ་བར་གདེང་འཇོག་མཐོན་པོ་གནངས།
མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་གྱི་ལས་འགན་གཙོ་བོ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བསྐྱར་འཛུགས། གཟན་རྩྭའི་ཐོན་ལས་འཕེལ་རྒྱས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ལས་སྣོན་དང་གསར་སྤེལ་བེད་སྤྱོད། གཙང་གསུང་འབྱུང་ཡུལ་གྱི་མཁར་གྲོང་ཅན་འཛུགས་སྐྲུན་དང་སྐྱེ་ཁམས་གནས་སྤོས་ཡུལ་མི་བཀོད་སྒྲིག་དཔེ་དབྱིབས། དེང་རབས་ཕྱུགས་ལས་ཀྱི་ཐོན་རྫས་འདྲེན་འཚོང་། སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་སྐྲུན་སོགས་གནད་ས་དྲུག་དམ་འཛིན་བྱེད་རྒྱུ་དེ་ཡིན་ཞིང་། ལོ་ལྔར་འབད་བརྩོན་བྱས་པ་བརྒྱུད་དེ། དེང་རབས་ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་མ་ལག་ཕལ་ཆེར་ཆགས་པར་བྱེད དགོས།
མིག་སྔའི་བར་དུ། རིམ་བསགས་ཀྱིས་ཚོད་ལྟའི་ས་ཁུལ་གྱི་འཛུགས་སྐྲུན་ཐད་བཏང་བའི་མ་དངུལ་སྒོར་མོ་དུང་ཕྱུར་ལྔ་ལྷག་ལ་བསླེབས་ཡོད། ཕྱུགས་རྩྭ་གསབ་འདེབས་དང་ར་བསྐོར་རྩྭ་གསོ། བྱེ་མ་འགོག་བཅོས་བཟོ་སྐྲུན། ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས། རྩྭ་ས་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་སྤྱད་དེ། ས་ནག་ཐང་སྤྱི་ཆིང་སྟོང་གཉིས་སུམ་བརྒྱ་དང་། བྱེ་མ་ཅན་གྱི་རྩྭ་ས་སྤྱི་ཆིང་སྟོང་བརྒྱད་དགུ་བརྒྱ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སྤྱི་ཆིང་འབུམ་གཅིག་བཅས་བཅོས་སྐྱོང་བྱས་བ་དང་། རྩྭ་ས་སྤྱི་ཆིང་འབུམ་གཉིས་ཁྲི་གསུམ་ལྷག་གི་ཨ་བྲའི་གནོད་པ་འགོག་བཅོས་བྱས། སྤུས་ལེགས་ཕྱུགས་རྩྭའི་ས་བོན་ཐོན་སྐྱེད་རྟེན་གཞི་སྤྱི་ཆིང་སྟོང་བཞི་སུམ་བརྒྱ་ལྷག་གསར་དུ་འཛུགས་སྐྲུན་བྱས་ཏེ། གཟན་རྩྭ་སྤྱི་ཆིང་ཁྲི་གཅིག་སྟོང་བཞི་བཏབ། རྩྭ་ས་སྤྱི་ཆིང་སྟོང་དགུ་བཞི་བརྒྱའི་སྟེང་ལུད་གཏོར་བ་དང་། རྩྭ་ས་སྤྱི་ཆིང་འབུམ་གཅིག་ཁྲི་ལྔ་ལྷག་གི་སྟེང་ཕྱུགས་འཚོ་མཚམས་བཞག་ཏེ། ལུག་འབུམ་གཉིས་ཁྲི་བཞི་ཇེ་ཉུང་ཏུ་བཏང་། གནས་སྤོས་ཡུལ་མིའི་གཏན་སྡོད་ཁང་བ་མུས་གྲུ་བཞི་ཁྲི་དགུ་དང་། ཕྱུགས་སྤྱིལ་འབུམ་གཅིག་ཁྲི་བཞི། གཟན་རྩྭ་ཉར་ཚགས་བྱེད་ས་མུས་གྲུ་བཞི་ཁྲི་ལྔ་ལྷག་བཅས་འཛུགས་སྐྲུན་བྱས་བ་དང་། ཉི་འོད་ཀྱི་ཐབ་ཀ་སྟོང་གསུམ་ཆིག་བརྒྱ་དྲུག་ཅུ་ཉོ་སྒྲུབ་བྱས་ཤིང་། ཉི་འོད་ནུས་པའི་དྲོད་འདོན་པའི་སློབ་ཁང་དང་ཉལ་ཁང་ཤར་མོ་བཅུ་འཛུགས་སྐྲུན་བྱས།
རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་ནི་ཚན་རྩལ་པུའུ་ཡིས་པུའུ་ཨུ་བཅུ་དགུ་དང་མཉམ་འབྲེལ་སྒོས་སྤེལ་བའི་ས་གནས་རང་བཞིན་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་དཔེ་སྟོན་གྱི་ཚོད་ལྟའི་བྱ་བ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ཚན་རྩལ་ཡར་ཐོན་དང་ནང་རྐྱེན་གསར་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ལ་བརྟེན་ནས། ཚོད་ལྟའི་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་ཤུགས་ཁྱོན་ཀུན་ནས་མཐོར་འདེགས་དང་། རིགས་མི་འདྲ་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། ཐོན་ཁུངས་ཁོར་ཡུག་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནང་རྐྱེན་དང་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ། རིགས་མི་འདྲ་བའི་ས་ཁུལ་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་དཔེ་སྟོན་བྱེད་རྒྱུ་དེ་རེད། ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དེ1986ལོ་ནས་མགོ་བརྩམས་ཤིང་། གཙོ་བོ་ཤར་ཕྱོགས་ས་ཁུལ་དུ་ལག་བསྟར་བྱས། 2007ལོར་ཚན་རྩལ་པུའུ་ཡིས་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚན་རྩལ་སྐུལ་འདེད་བྱ་སྤྱོད་སྤེལ་ཏེ། ནུབ་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་ཞིང་ཆེན་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་དང་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་འཛུགས་པར་སྐུལ་འདེད་བྱེད་མགོ་བརྩམས། 1986ལོའི་ཚུན་ལ། རྒྱལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་གྱ་གཉིས་དང་། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་སྔོན་ཐོན་དཔེ་སྟོན་ས་ཁུལ་བཅུ་གསུམ་འཛུགས་སྐྲུན་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com