མཁས་དབང་སྨོན་ལམ་རྒྱ་མཚོའི་འཁྲུངས་གཞིས་ཀྱི་སྒོ་འབྱེད་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-19 15:28:00 ཀློག་གྲངས།:

    སྤྱི་ཟླ7པའི་ཚེས18ཉིན་གྱི་སྔ་དྲོར། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷོ་རྒྱུད་འབོ་ར་ཚོ་བཞིའི་ཡ་གྱལ་ཚོ་དགུ་ཚོ་བར་གཏོགས་པའི་ལོ་ཡག་ཐང་སྡེ་བ་གངས་ལྗོངས་སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོའི་འཁྲུངས་གཞིས་སུ་མཁས་དབང་སྨོན་ལམ་རྒྱ་མཚོའི་རྗེས་དྲན་ཁང་གི་སྒོ་འབྱེད་མཛད་སྒོ་སྤེལ།

     མཛད་སྒོའི་སྟེང་དུ་ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་དང་གྲོང་རྡལ་འགོ་གཙོ། མཁས་དབང་མཆོག་སྐུ་འཚོ་བཞུགས་དུས་ཀྱི་ལས་གྲོགས། ཁོང་གི་སློབ་མ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་འཐུས་ཚབ་པ། འབོ་ར་ས་ཆའི་ཤེས་ལྡན་པ་དང་ལོ་ཡག་ཐང་སྡེ་མི་བཅས་མི་སྣ100ཙམ་ཞུགས་ཡོད།

     རྗེས་དྲན་ཁང་འདིར་སྨོན་ལམ་རྒྱ་མཚོའི་མཛད་རྣམ་འགྲེམ་སྟོན་ཁང་དང་ཡིག་གཟུགས་འབྲི་སྦྱོང་ཁང་། དམངས་སྲོལ་རིག་དངོས་ཁང་བཅས་སྐོར་གསུམ་དུ་བགོས་ཡོད་པ་བསྟན་སོང་།
     ཁོང་གི་སྐུ་ཚེ་གང་བོར་ལྷག་བསམ་རྣམ་དག་གིས་ཆོས་སྲིད་གཉིས་ཆ་ལ་ཞབས་ཞུ་ལེགས་པོ་བསྒྲུབས་པ་མ་ཟད། མི་རིགས་ས་ཁུལ་གྱི་རིག་གནས་སློབ་གསོ་དང་བོད་ཀྱི་ཡིག་གཟུགས་བཅས་ཀྱི་ལས་དོན་ཐད་ལ་མཛད་རྗེས་བླ་མེད་བཞག་ཡོད་པ་རེད།

     གཞན་ཡང་རྗེས་དྲན་ཁང་འདི་ནས་མཁས་དབང་ཁོང་ཉིད་ཀྱི་ཕྱག་རྒྱུན་མི་ཉམས་རྒྱུད་འཛིན་དང་དར་ཁྱབ་ཏུ་གཏོང་བར་འབད་འབུངས་བྱེད་དགོས་པས་རྒྱ་ཆེ་བའི་ཡིག་གཟུགས་ལ་དགའ་མཁན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་ཚོར་ཡིག་གཟུགས་ལ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་སའི་སྟེགས་བུ་མཁོ་འདོན་བྱེད་རྒྱུ་ཡིན་པ་མ་ཟད། དེ་དང་ཆབས་ཅིག་ཏུ་ས་ཆ་རང་གི་ཡུལ་སྲོལ་གོམས་གཤིས་དང་དམངས་སྲོལ་རིག་གནས་དར་སྤེལ་དང་རྒྱུད་འཛིན་བྱེད་པར་ལངས་ཕྱོགས་བརྟན་པོ་དང་རེ་བ་ཆེན་པོས་མདུན་བསུ་བཞིན་མཁས་དབང་སྨོན་ལམ་རྒྱ་མཚོའི་མཛད་འཕྲིན་འོད་སྣང་དཀར་བོ་མི་ནུབ་རྟག་ཏུ་འཆར་ཞིང་རྒྱས་པའི་རྟེན་འབྲེལ་སྙིང་ནས་ཞུ་བ་ཡིན་ནོ།།
     ཞེས་ཨ་ཉི་ལྷ་བྷེ་རུ་འབོད་པས་ཡུལ་འབོ་ར་ཚོ་བཞིའི་ཡ་གྱལ་ཁྲོམ་ཐོག་སྔོ་ནག་ཚོ་བར་གཏོགས་པའི་སྔོན་པོ་ཐང་སྡེ་བ་ནས་དམ་པ་ཁོང་གི་མཛད་རྣམ་རགས་ཙམ་དྲན་པ་གཞི་བྱས་ཏེ་དེ་རིང་གི་མཛད་སྒོའི་ངོ་གདོང་ཙམ་སྤེལ་བ་དགེ་གྱུར་ཅིག


དྲུང་ཡིག་སྨོན་ལམ་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།

     ཕྱི་ནང་གི་རིག་པའི་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང་གཞན་དྲིང་མི་འཇོག་པའི་མཁྱེན་རབ་དང་ལྡན་པ། བོད་ཀྱི་དེང་རབས་སློབ་གསོ་བ་གྲགས་ཆེན་དང་ཡིག་མཁན་ཀུན་གྱི་གཙུག་རྒྱན་མཁས་དབང་སྨོན་ལམ་རྒྱ་མཚོ་ཁོང་ནི། མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སའི་ཆར་གཏོགས་ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་བའི་ཐང་ཞེས་བའི་གྲོང་སྡེ་རུ་ཡབ་གཡིས་ཁང་མགོན་པོ་སྐྱབས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག1928ལོར་འཁྲུངས། ཁོང་གི་མེས་པོ་གཡིས་ཁང་ལྕོགས་པོ་བྱམས་དང་ཀུན་མཁྱེན་ལྔ་བ་ཆེན་པོའི་ཡབ་རྒྱལ་བོ་མགོན་པོ་དོན་གྲུབ་བར་མནའ་བཞག་ཡོད་པས། ཀུན་མཁྱེན་བླ་མས་ཐུགས་རྗེས་གཟིགས་པའི་རྟེན་འབྲེལ་འགྲིག ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་། དགུང་ལོ་བཅུ་གཅིག་པ་ས་ཡོས1939ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལྷ་མོ་ཚུལ་ཁྲིམས་དང་། རྗེ་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་བསམ་སྦྱོར་གཉིས་ཀྱི་སྒོ་ནས་སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལ་ཐོས་བསམ་གང་ལེགས་བྱས། ནང་སྒོས་སུ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ཡུན་རིང་དུ་བསྟེན་ཏེ་ཆོས་སྤྱོད་དང་། སུམ་རྟགས། སྙན་ངག ལེགས་སྦྱར་གྱི་སྒྲ་གཞུང་། ཚད་མ་སོགས་ཐུན་མོང་རིག་གནས་ཁག་ལ་གསན་སྦྱོང་རྡོ་རུས་ཐུག་པ་མཛད་པའི་ཞར་དུ་ཀུན་མཁྱེན་གཉིས་པ་ཆེན་པོའི་སྐུ་རིང་ནས་དར་འཕེལ་བྱུང་ཞིང་དཔང་ལོ་ཆེན་པོ་ནས་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡི་གེའི་ཁྲིད་རྒྱུན་ཁྱུང་བོ་གཡུ་ཁྲིའི་ཕྱག་བྲིས་ཀྱི་རི་མོའི་བཀྲག་མདངས་མ་ཉམས་པ་དབུ་ཅན་གྱི་ཡིག་གཟུགས་དང་། གཙང་གི་འབྲི་རྒྱུན་དབུ་མེད་འབྲུ་ཆེན་བྲིས་རྙིང་། ལཉྫ། ཝརྟུ་བཅས་ཀྱི་ཐིག་དང་ཕྱག་ལེན་ལ་འབྱོངས་པར་བསླབས་ཤིང་། དེ་མིན་ཀུན་མཁྱེན་ལྔ་བ་ཆེན་པོ་མཆོག་དབུས་སུ་ཞབས་སོར་འཁོད་ནས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་1940ལོར་ཕྱིར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས། སྐུ་རྗེས་སུ་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཏེ།  པོ་ཏཱ་ལའི་རྩེ་རིག་གནས་སློབ་གྲྭར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་མཐར་ཕྱིན་ཏེ་ཡིག་གཟུགས་རྩེར་ཐོན་ཅིང་བྱ་དགའ་ཆེས་ལེགས་པ་ཐོབ་མྱོང་བ། ཀུན་མཁྱེན་ལྔ་པ་ཆེན་པོ་མཆོག་གི་སྐུ་ཉེ། བདེ་ཆེན་ཤིང་རྭ་ཤར་ད་ལྟ་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་ལྷ་སའི་ཁོངས་གཏོགས་སྟག་རྩེ་རྫོང་སྲིད་གཞུང་གི་གནས་ཡུལ་དུ་འཁྲུངས་པའི་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཞུ་བ་མདོ་སྨད་དུ་གདན་འདྲེན་ཞུས་ཤིང་།བཀྲ་ཤིས་འཁྱིལ་གྱི་ཐུབ་བསྟན་ཕོ་བྲང་དུ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ1942ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ་གྲྭ་བཙུན་སློབ་གྲྭ་གསར་དུ་བཙུགས་པའི་ཡིག་གཟུགས་ཀྱི་དགེ་རྒན་དུ་བསྐོས་པ། ཁོངགི་མདུན་ནས་དགུང་ལོ་བཅོ་ལྔ་བ་ཆུ་རྟ་1942ལོའི་ཧོར་ཟླ་དང་པོ་ནས་བརྩམས་ཏེ་དགུང་ལོ་ཉི་ཤུ་བ་མེ་ཕག་1947ལོའི་བར་ལོ་ངོ་དྲུག་གི་ཡུན་ལ་་དགའ་ལྡན་ཡིག་གསར་ཞེས་པ་སྟེ། དེང་སང་མདོ་སྨད་ཁུལ་དུ་པོད་བྲིས་དང་། དབུས་བྲིས་བྲིས་རྙིང་ཞེས་པར་འབོད་པ། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་རྩེ་སློབ་གྲྭ་བཙུགས་རྗེས་ཡུལ་དབུས་སུ་དར་རྒྱས་བྱུང་བའི་དབུ་མེད་ཀྱི་གཟུགས་རིས། སུག་རིང་དང་སུག་ཐུང་།འབྲུ་ཚ་དང་ཚུགས་ཆུང་།  རྒྱུག་བྲིས་དང་འཁྱུགས་བྲིས། ལཉྫ། ཝརྟུ། ཡིག་གསར་དང་ཧོར་ཡིག་སོགས་རྩེ་སློབ་གྲྭའི་ཕྱག་ལེན་ཇི་བཞིན་གོ་རིམ་འཛོལ་བར་ལེགས་པར་སྦྱངས་ཏེ། དགུང་ལོ་བཅུ་བདུན་པ་ཤིང་སྤྲེལ་1944ལོར་ཀུན་མཁྱེན་ལྔ་པ་མཆོག་ལ་སློབ་གྲྭ་བ་རྣམས་ནས་ལན་ཝརགཟབ་གཤར་ཧོར་ཡིག་སོགས་སྦྱངས་འབྲས་ཡིག་ཚད་གཟིགས་འབུལ་ཞུས་པར། ཁོང་ཉིད་ཡིག་རིས་ཨང་དང་པོ་ཐོན་པར་ཀུན་མཁྱེན་མཆོག་གིས་འཇམ་དར་སྤོས་ཁྲེ་གསུམ་དང་། སྲུང་མདུད། ཤིང་ཐོག་སོགས་ཀྱི་གསོལ་རས་བསྩལ་ནས་གཞོན་ནུ་དོན་གཉེར་ཅན་དྲུག་ཅུ་ལྷག་གི་ཚོགས་ལས་གཟེངས་སུ་ཐོན་ནས་མཁས་པའི་གྲགས་པ་རིམ་གྱིས་འབར།  དེ་ནས་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་། བཟློག་ཏུ་མེད་པའི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་ཟུང་དུ་སྦྲེལ་ཐུབ་པ་ནི་དཔེར་ན། སུམ་རྟགས་གཉིས་ལའང་མཁས་པ་སོ་སོའི་མདུན་ནས་ཐེངས་བཅུ་དགུར་གསན་པ་དངོས་སུ་གསུངས་མྱོང་། དེ་ལྟ་བུའི་མཐུ་སྟོབས་ལས་རིག་པའིགནས་ལ་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་ཏེ་དགུང་ལོ་ཉེར་བཞི་བ་ཆུ་འབྲུག་1943ལོ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ་7རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་བཀའ་གསུང་བཞིན་ཉི་མ་བླ་བྲང་གི་དྲུང་ཡིག་སྨོན་ལམ་ཞེས་པའི་མཚན་སྙན་གྱི་མེ་ཏོག་ཕྲེང་བ་ཕྱོགས་ཀྱི་བུ་མོའི་མཛེས་རྒྱན་དུ་གྱུར། དགུང་ལོ་ཉེར་ལྔ་བ་ཆུ་སྦྲུལ་1953ལོ་ནས་གསར་བརྗེའི་བྱ་བར་ཞུགས་ཏེ་བསང་ཆུ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་དྲུང་ཆེན་གཞོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་སོ་གཅིགཔ་ས་ཁྱི་1958ལོར་བར་དུ་རྒྱལ་གཅེས་ཆོས་གཅེས་ཀྱིས་བྱ་བ་ལ་གཞོལ་བར་མཛད། རིག་གནས་གསར་བརྗེ་ཞེས་པའི་གོད་ཆག་གི་ལས་འགུལ་ཁྲོད་དུ་བསམ་མི་ཕོད་པའི་འཐབ་རྩོད་སོགས་ཀྱིས་སྐུ་ལ་འོ་བརྒྱལ་ཆེན་པོ་མྱངས་ཏེ་ལུས་སེམས་ལ་བརྡབ་གསིག་མནར་གཅོད་མི་ཟད་པ་ཐེབས་པས། རྗེས་སུ་སྙན་གྱི་དབང་བོ་ཕལ་ཆེར་ཉམས་པར་གྱུར།
     དགུང་ལོར་ང་གཅིག་པ་ས་རྟ1978ལོར་བྱ་བའི་ལས་གནས་སླར་གསོ་བྱས་ཏེ་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་སོགས་གོང་རིམ་གྱི་བཀའ་ལྟར་ཁྲིན་ཏུའུ་སོགས་སུ་ཕེབས་ཏེ་རྒྱ་བོད་ཀྱི་མཁས་ཆེན་དུ་མ་དང་ལྷན་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་ཁ་སྐོང་དང་ཞུ་དག་ཐ་མའི་གཏན་ཕབ་ཀྱི་ལས་དོན་སོགས་རྩོམ་སྒྲིག་གི་བྱ་བར་ལོ་ངོ་གསུམ་རིང་ཞུགས་ཏེ།  ཐ་སྙད་འཚོལ་སྒྲིག་དང་རྩ་བའི་ཐ་སྙད་འགྲེལ་བཤད་དང་བཅས་པ་བོད་བྱིངས་ཀྱི་སྤྱི་སྐད་དུ་བསྡུ་བའི་གྲས་སུ་ཞུགས། ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཡང་དག་པའི་ལམ་ཕྱོགས་དང་སྲིད་ཇུས་ཀྱིས་ནག་མེད་ཉེས་འགེལ་གྱི་རྙོག་ཟིང་དྲང་བཅོས་བྱས་ནས། དགུང་ལོ་ང་གསུམ་བཞེས་པ་ལྕགས་སྦྲེལ་1980ལོར་དཀར་འདོན་ཐོབ་ཅིང་། ལོ་དེའི་ལོ་མཇུག་ནས་བཟུང་རྩ་འཛུགས་ཀྱིས་་བཀོད་སྒྲིག་ལྟར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭ་སྟེ་ད་ལྟའི་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭའི་སློབ་གཙོ་གཞོན་པ་དང་མཚན་འཛིན་སློབ་གཙོ་བཅས་ཀྱི་འགན་རིམ་པར་བཞེས་ཏེ། རང་ཅག་བོད་མི་རིགས་ཀྱི་རིག་གནས་སློབ་གསོ་ལ་ཐུགས་ཞེན་ཟབ་ཅིང་ཤེས་རིག་ཡར་རྒྱས་དང་མི་རིགས་སློབ་གསོའི་བྱ་བཞག་གི་དོན་དུ་སློབ་བུ་རབས་དང་རིམ་པར་བརྩེ་གཟིགས་ཟོལ་མེད་ཀྱིས་བསྐྱངས་ཏེ་སུམ་རྟགས་དག་གསུམ་དང་། ཡིག་གཟུགས་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་བར་གསེང་དུ། གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་གྲྭ་རིགས་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་དང་། སྤྱི་ཚོགས་ཀྱི་ལས་བྱེད་པ་སོགས་བོད་ཡིག་སློབ་མཁན་དུ་མ་ལ་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ཁྲིད་ཅིང་། སློབ་གྲྭའི་ཕྱི་ནང་དུ་རིག་གནས་ཀྱི་རྐང་འཛིན་པར་གྱུར་པ་མང་པོ་སྐྱེད་སྲིང་བྱས།
     དགུང་ལོ་ང་དགུ་བར་རབ་བྱུང་བཅུ་བདུན་པའི་མེ་ཡོས་1987ལོར་སྐུ་ངལ་ལ་མ་འཛེམས་པར་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭ་རང་གི་བོད་སྐད་ཡིག་གི་བསླབ་དེབ་གསར་སྒྲིག་གི་བྱ་བར་ཐོག་མཐའ་བར་གསུམ་དུ་སྤྱི་དང་གཙོ་ཕྱོགས་ཀྱི་འགན་ཕྲག་ཏུ་བཞེས་ཏེ། དེབ་བཅུ་གཉིས་ཀྱི་བདག་ཉིད་ཅན་རྩོམ་སྒྲིག་མཛད་ནས་ཡིག་འབྲུ་ཁྲི120ཟིན་པ་དེར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད། དུང་དཀར་རིན་པོ་ཆེ་སོགས་མཁས་མཆོག་དུ་མའི་བསྔགས་བརྗོད་ཐོབ། ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་ཁུར་དུ་བཞེས་མཁན་ཞིག་དང་བརྩོན་པ་ལྷུར་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད། མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་ཡང་མེད་པར་ཐུགས་རྒྱུད་རབ་ཏུ་བཟང་ཞིང་གཞན་ཕན་གྱི་དགོངས་པ་རྒྱ་ཆེན་པོས་མི་རིགས་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་སློབ་སྟོན་མཛད་པར་ངལ་བ་འཛེམས་མེད་ཀྱིས་ཐུགས་སྟོབས་ཡོད་ཚད་འདོན་མཁན་ཞིག་ཡིན་པས། ཞིང་ཆེན་དང་ཁུལ་རིམ་པའི་གཟེངས་བསྟོད་ཐེངས་མང་ཐོབ་ཅིང་ཆོ་ལོའང་མང་བོ་བསྩལ་ཡོད། དགུང་ལོ་དྲུག་ཅུ་བ་ས་འབྲུག་1988ལོར་རྒྱལ་ཡོངས་རི་མོ་ཡིག་གཟུགས་གསར་བ་འདེམས་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྩལ་བའི་ཡིག་གཟུགས་ལེགས་པ༼དབུ་ཅན༽ཨང་དང་པོའི་བྱ་དགའ་ཐོབ། ལོ་དེར་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་གོ་མིང་བཞེས།
     ལོ་ཡི་བགྲང་བྱ་བཅུ་ལ་ཉེ་བའི་རིང་ལ་ཁོང་གིས་ང་ཚོར་བཞག་པའི་བརྩམས་ཆོས་གཙོ་བོ་ནི་ཐོན་མིས་བོད་ཡིག་བཟོས་པའི་ལོ་རྒྱུས་དང་། བོད་ཡིག་གི་རྣམ་གཞག་དང་། བོད་ཡིག་དབུ་ཅན་འབྲི་ཚུལ་དང་། བོད་ཀྱི་ཡིག་བསྐུར་རྣམ་བཞག་སྐོར་སོགས་ཉེར་མཁོའི་རིགས་མང་པོ་བཞུགས་ལ། མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ་བོད་ཡིག་གི་སྐོར་ལ་ལྟ་ཚུལ་རགས་ཙམ་གླེང་བ་སོགས་རིན་ཐང་ལྡན་པའི་དཔྱད་རྩོམ་མང་པོ་ཡོད་པ་དང་། ཁུལ་སྲིད་གྲོས་ཀྱི་ཀན་ལྷོའི་རིག་གནས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཞེས་པའི་ཁོངས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་གནད་འདྲིལ་ཞེས་པ་ཞིག་བརྩམས་ཤིང་། རྐང་ཚའི་དགོན་སོགས་དགོན་པ་བཅུ་ཕྲག་ལྷག་གི་ལོ་རྒྱུས་མདོར་བསྡུས་ཚིག་ཉུང་ལྟ་བདེ་མང་བོའང་རྩོམ་སྒྲིག་གནང་ཡོད། དེ་མིན་ད་དུང་ཕྱག་ལས་སྣེ་མང་གིས་བྲེལ་ཡང་ལས་བཅོལ་ཁུར་བཞེས་མཛད་ནས་མདོ་སྨད་ཆོས་འབྱུང་དང་། བཀའ་ཆེམས་ཀ་ཁོལ་མ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་ཅོ་ནེའི་བསྟན་འགྱུར་དཀར་ཆགཀུན་མཁྱེན་སྐུ་རབས་གཉིས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། གུང་ཐང་བསྟན་པའི་སྒྲོན་མེ་བཅས་ཀྱི་རྣམ་ཐར་སོགས་དཔེ་རྒྱུན་གང་དཀོན་མང་པོ་ལྕགས་པར་དུ་འདེབས་པའི་ཞུ་ཆེན་གྱི་འགན་བཞེས་ནས་གཞུང་དེ་དག་གི་རྩོམ་པ་པོ་དང་ཞུ་དག་མཛད་ཚུལ་མཚམས་སྦྱོར་མཛད། འདི་ལས་གླེགས་བམ་དུ་མ་ཞིག་ལ་ཀྲུང་གོའི་བྱང་ཕྱོགས་ཀྱི་ཞིང་ཆེན་བཅོ་ལྔའི་དཔེ་ཚོགས་དཔྱད་བསྡུར་ཁྲོད་དུ་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཐོབ། ཁྱད་པར་དུ་1982ལོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་དུས་ཐུང་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་དུ་སྤྱན་དྲངས་ཏེ། དེ་གའི་རྩོམ་སྒྱུར་ཅུས་ཀྱིས་བསྐུལ་བའི་ངོར།དུས་ཚོད་ཐུང་ངུའི་ནང་མཁས་དགུའི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པའི་ཡི་གེའི་མ་ཕྱི་བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར་ཞེས་པ་བརྩམས་གནང་མཛད་ནས་ཀུན་གྱི་མིག་གི་དགའ་སྟོན་དུ་སྨིན་པར་མཛད། ཡིག་གཟུགས་འདིའི་ཐིག་རྩ་དང་ལག་ལེན་གྱི་ཐད་ལ་ཁྱུང་བོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་དང་། ཁྱུང་བོའི་ཡང་སློབ་མཁས་པ་རོང་པའི་ཐིག་རིས་རིན་ཆེན་སྒྲོམ་བུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་སོགས་ལ་ཁུངས་གཏུགས་ཡོད་མོད། གཙོ་ཆེར་ཁྲིད་རྒྱུན་བཞིན་དང་སྡེ་སྲིད་ཆེན་མོས་བེེཻཊཱརྱ་གཡའ་སེལ་དུ་འཁོད་པའི་ཐིག་འགྲེལ་ལ་བསྟུན་པ་ཡིན་ཞེས་སློབ་དཔོན་སྐུ་དྲིན་ཅན་གང་གི་ཞལ་ལས་ཐོས་སོ།།
     གཞན་དུ་བླ་བྲང་དགོན་པའི་གསུང་རབ་དཔར་ཁང་གི་ཡིག་གཟུགས་བརྗེ་བ་དང་། སྔགས་ཡིག་གི་ཡིག་འབྲུ་གསར་སྣོན་མཛད་དེ་དེང་སང་རྒྱལ་ཡོངས་སུ་བོད་ཡིག་གི་དཔར་ཁང་རྣམས་ལས་དཔར་ཁ་ཚང་ཤོས་སུ་གྱུར་བར་མཛད་པ་བཅས་ཀྱིས་བོད་གངས་ཅན་གྱི་རིག་གནས་ཡར་རྒྱས་སུ་འགྲོ་བར་བྱས་རྗེས་གལ་ཆེན་བཞག ཁོང་ཉིད་སྐུ་འཚོ་བཞེས་ཀྱི་སྐབས་སུ་སྲིད་གྲོས་ཀན་སུའུ་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། སྲིད་གྲོས་ཀན་ལྷོ་ཁུལ་གྱི་ཀྲུའུ་ཞི་བཞོན་པ། ཀན་ལྷོ་ཁུལ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་མཚན་འཛིན་སློབ་སྤྱི། ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་མུས་ཀྱི་སྐབས་སུ་སྐུ་ལ་སྙུན་གཞི་ཐེབས་ཏེ་སྨན་བཅོས་ཀྱིས་མ་ཕན་པར། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བདུན་པའི་ས་སྤྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉི་ལ་སྐུ་ཞི་བར་གཤེགས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།