བོད་ལྗོངས་སུ་གྲི་གུའི་འབྲོག་མིའི་དུས་ཆེན་ཚོགས་པ།
ཧི་མ་ལ་ཡའི་བྱང་འདབས་སུ་གནས་པའི་བོད་ལྗོངས་ལྷོ་ཕྱོགས་ཀྱི་རྩྭ་ཐང་སྟེང་གི་མཚེའུ་གྲགས་ཅན་ཏེ་གྲི་གུ་མཚོ་ཡིས་ད་ལོའི་སྟོན་ཟླ་འབྲིང་བའི་དུས་སྐབས་སུ་གྲི་གུ་འབྲོག་མིའི་དུས་ཆེན་སྐབས་གསུམ་པ་བསུ་རྩིས་ཡོད་པ་དང་།དུས་ཆེན་ཀྱི་སྐབས་དེར་ཡུལ་སྐོར་བ་ཚོས་མཐོ་སྒང་གི་མཚེའུ་ཡི་ཁྱད་འཕགས་མཛེས་ལྗོངས་དང་སྲོལ་རྒྱུན་འབྲོག་ཁུལ་རིག་གནས་ལ་རོལ་མྱོང་བྱེད་ཐུབ་པ་རེད།
བོད་ལྗོངས་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཆིའུ་ལིན་གྱིས་བཤད་རྒྱུར། ལྷོ་ཁ་ས་ཁུལ་གྱིས 2009ལོ་ནས་གྲི་གུ་འབྲོག་མིའི་དུས་ཆེན་འཚོགས་འགོ་བརྩམས་པ་དང་། ད་ལྟའི་བར་དུ་ཐེངས་གཉིས་ལ་འཚོགས་ཡོད་པ་རེད། གྲི་གུ་འབྲོག་མིའི་དུས་ཆེན་དེ་ལྷོ་ཁ་ས་ཁུལ་གྱི་ཡུལ་སྐོར་རྟགས་མཚན་ཞིག་ཏུ་གྱུར་ཡོད་པ་རེད་ཟེར།
སྐབས་གསུམ་པའི་གྲི་གུ་འབྲོག་མིའི་དུས་ཆེན་ཟླ9བའི་ཚེས11ཉིན་ལྷོ་ཁ་ས་ཁུལ་གྲི་གུ་གྲོང་རྡལ་གྱི་གྲི་གུ་མཚོ་མོའི་འགྲམ་ནས་འགོ་རྩོམ་རྒྱུ་ཡིན་ཞིང་བསྡོམས་པས་ཉིན་བཞིའི་རིང་སྤེལ་རྒྱུ་ཡིན་པ་དང་། དེར་འབྲོག་མིའི་རིག་རྩལ་འཁྲབ་སྟོན་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས། སྟོན་ཟླ་འབྲིང་བའི་མེ་སྤུངས་དགོང་ཚོགས། ཁྱད་ཆོས་ལྡན་པའི་ཅ་ལག་ཉོ་ཚོང་བྱེད་པ། ཡུལ་སྐོར་སྤྲོ་འཆམ་དང་འབྲོག་མིའི་གོམས་སྲོལ་མྱོང་རོལ་བྱེད་པ་སོགས་ཡོད་པ་རེད།
གྲི་གུའི་རྩྭ་ཐང་ནི་འཛམ་གླིང་སྟེང་ཆེས་ལེགས་པའི་་ཧི་མ་ལ་ཡའི་འབྲོག་ཁྱིའི་ཐོན་ཁུངས་གཙོ་བོ་ཞིག་ཡིན་ཞིང་། ཉེ་ལམ་འགོ་རྩོམ་ལ་ཉེ་བའི་གྲི་གུ་འབྲོག་མིའི་དུས་ཆེན་སྟེང་ཡུལ་སྐོར་མགྲོན་པོ་ཚོར་སྟོབས་ཆེ་བའི་འབྲོག་ཁྱི་སྟོན་རྒྱུ་ཡིན་པ་རེད།
གྲི་གུའི་རྩྭ་ཐང་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི4500ཡིན་ཞིང་། རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི4000ལྷག་ཡོད་པ་དང་བོད་ལྗོངས་ལྷོ་ཕྱོགས་ས་ཁུལ་གྱི་རྩྭ་ས་གཙོ་བོ་ཡིན་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ60ལྷག་ཡོད་པའི་གྲི་གུ་མཚོ་མོ་ནི་དེའི་ཁོངས་སུ་ཡོད་པ་རེད། གྲི་གུ་འབྲོག་མིའི་དུས་ཆེན་ནི་གྲི་གུའི་རྩྭ་ཐང་སྟེང་གི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། ལོ་རེའི་སྟོན་ཀར་རྒྱང་རིང་བའི་དབྱར་ས་ནས་གྲི་གུ་རྩྭ་ཐང་དུ་ཕྱིར་ལོག་པའི་འབྲོག་པ་ཚོས་གྲི་གུ་མཚོ་མོའི་འགྲམ་ནས་སྦྲ་གུར་ཕུབ་ཅིང་སྟོན་མོར་རོལ་ཏེ། གླུ་དང་གར་གྱིས་ད་ལོའི་ལོ་ལེགས་ལ་རྟེན་འབྲེལ་ཞུ་སྲོལ་ཡོད་པ་རེད།
ཉེ་བའི་ལོ་འགའི་རིང་དུ་ལྷོ་ཁ་ས་ཁུལ་གྱིས་གྲི་གུ་འབྲོག་མིའི་དུས་ཆེན་དེ་ཡུལ་སྐོར་ཚོང་རྟགས་ཤིག་ཏུ་བཟོ་བསྐྲུན་བྱས། དུས་ཆེན་དེ་ཡིས་བོད་ལྗོངས་ལྷོ་ཕྱོགས་ཀྱི་ཡུལ་སྐོར་སྙན་གྲགས་ཇེ་མཐོར་བཏང་བ་མ་ཟད། གྲི་གུ་རྩྭ་ཐང་གི་འབྲོག་པ་མང་ཚོགས་ལ་ཡོང་འབབ་འཚོལ་བའི་ལམ་བུ་ཞིག་བསྐྲུན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com