མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་དམངས་ཁྲོད་གླིང་སྒྲུང་གྱེར་བཤད་ཆེད་ཚོགས་སྤེལ་པ།
མཚོ་སྔོན་པོ་ས་ཁུལ《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་ཚེ་རིང་དབང་འདུས་ཀྱིས་སྒྲུང་བཤད་བཞིན་པ།
མཚོ་སྔོན་པོ་འགྲམ་རྒྱུད་ཀྱི《གེ་སར》དམངས་ཁྲོད་གླིང་སྒྲུང་སྒྱུ་རྩལ་པ་དང་འབྲེལ་ཡོད་ཤུལ་བཞག་རིག་གནས་སྔོག་འདོན་དང་མྱུར་སྐྱོབ། སྲུང་སྐྱོང་བཅས་བྱེད་པར། ཟླ9བའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱིས་འགན་སྒྲུབ་གནང་བའི《གེ་སར》དམངས་ཁྲོད་གླིང་སྒྲུང་སྒྱུ་རྩལ་པའི་གྱེར་བཤད་ཆེད་ཚོགས་དེ་མཚོ་སྔོན་པོ་འགྲམ་རྒྱུད་དུ་གཟབ་རྒྱས་ངང་བསྡུས་པ་རེད།
མཚོ་སྔོན་པོ་ས་ཁུལ《གེ་སར》དམངས་ཁྲོད་སྒྱུ་རྩལ་པའི་ཆེད་ཚོགས་ཡུལ་དངོས།
ཆེད་ཚོགས་འདིར་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་ནོར་བུ་དབང་ལྡན་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཏང་རྩ་འཛུགས་ཀྱི་ཁུངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲང་མཱན། མཚོ་སྔོན་ཞིང་ཆེན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་གཅོད་པ་དོན་འགྲུབ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་གཉེར་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་འགོ་གཙོ་མེ་ཚེ་རིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་བསྒྱུར་ཁང་གི་འགོ་གཙོ་རིན་ཆེན། མཚོ་ལྷོ་ཁུལ《གེ་སར》ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཆབ་འགག་རྡོ་རྗེ་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་བཀྲ་བྷོ། མིང་དུ་གྲགས་པའི་སྒྲུང་བ་ཚེ་རིང་དབང་འདུས། དེ་མིན་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་ས་གནས་མང་ཚོགས་སོགས་ཐེངས་འདིའི་དམངས་ཁྲོད་གླིང་སྒྲུང་གྱེར་བཤད་ཆེད་ཚོགས་ལ་ཞུགས་པ་རེད།
《གེ་སར》སྒྲུང་བཤད་བཞིན་པ།
མཚོ་སྔོན་པོ་ས་ཁུལ《གེ་སར》དམངས་ཁྲོད་སྒྱུ་རྩལ་པའི་ཆེད་ཚོགས་ཡུལ་དངོས།
ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་ཞིང་ཨུའི་དྲིལ་བསྒྲགས་པུའི་ཚོགས་ཞུགས་པ་ལིའུ་ཀོས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་འགོ་གཙོ་ཅི་ཏེ་མཱ་ཅཱའི་མངགས་བཅོལ་ལྟར་གསུང་བཤད་གལ་ཆེན་གནང་བ་སྟེ། མཚོ་སྔོན་ནི《གེ་སར》ལོ་རྒྱུས་ཀྱི་འབྱུང་ཁུངས་དང་འཛམ་གླིང་གེ་སར་ནར་སོན་པའི་ཕ་ས་ཡིན་པ་དང་། མཐའ་ཡས་པའི་རྨ་འབྲིའི་འབྱུང་ཡུལ་དུ་གེ་སར་གྱི་གཏམ་རྒྱུད་རིང་མོ་འཆད་ཀྱི་ཡོད་ཅིང་ངོ་མཚར་བའི་གེ་སར་རིག་གནས་ཉར་ཚགས་བྱས་ཡོད་པ་རེད། འདི་ནི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་ཀྱི་གནས་བབ་ལེགས་པོ་ཞིག་ཡིན་ལ། མཚོ་སྔོན་གནས་སྐོར་མཛེས་ལྗོངས་ཀྱི་སྙན་གྲགས་རྒྱས་བར་འདི་ལྟ་བུའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་དགོས་ཀྱི་ཡོད། ལོ་གང་མང་རིང་མཚོ་སྔོན་གྱིས《གེ་སར》རིག་གནས་སྲུང་སྐྱོབ་དང་མྱུར་སྐྱོབ་བྱེད་པར་མཐོང་ཆེན་གནང་ཞིང་། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གི་གཟེངས་བསྟོད་དང་རྒྱལ་སྤྱིའི་རིག་གཞུང་ཁྱབ་ཁུངས་སུ་མཚན་སྙན་མི་དམན་པ་རྒྱས་ཡོད། གོ་སྐབས་འདི་དང་བསྟུན་ནས་དུས་ཡུན་རིང་བོའི་ནང《གེ་སར》རིག་གནས་ཀྱི་འཚོལ་ཞིབ་དང་མྱུར་སྐྱོབ། ལེགས་སྒྲིག ཡིག་བསྒྱུར། པར་སྐྲུན། ཞིབ་འཇུག་སོགས་ལ་ངལ་བ་ཆེན་པོ་བསྐྱེད་པའི་བྱ་སྒྲུབ་པ་དང་སྒྲུང་བ་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་དང་སྨོན་འདུན་ཞུ་ཟེར།
རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་ནོར་བུ་
དབང་ལྡན་གྱིས་ཡུལ་དངོས་སུ་གསུང་བཤད་གནང་བཞིན་པ།
རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོའམ་མིང་དུ་གྲགས་པའི《གེ་སར》ཞིབ་འཇུག་ཆེད་མཁས་པ་ནོར་བུ་དབང་ལྡན་གྱིས་གསུང་བཤད་གལ་ཆེན་གནང་བ་སྟེ། 《གེ་སར》ནི་འགྲོ་བ་མིའི་རིགས་ངག་ཐོག་སྒྱུ་རྩལ་གྱི་ཚབ་མཚོན་ཞིག་ཡིན་ཞིང་རིག་གནས་གསར་གཏོད་དང་རྒྱུན་འཛིན་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན། འདིའི་ནང་འདུས་པའི་གདོད་མའི་རིག་གནས་གཞི་རྐྱེན་གྱིས་འགྲོ་བ་མིའི་རིགས་ཀྱི་གདོད་མའི་དཔལ་ཡོན་འཚོ་ནུས་ཀྱི་རྒྱུན་བསྲིངས་ལ་རིན་ཐང་གཞལ་དུ་མེད་པ་རེད། དེར་བརྟེན། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་འཛམ་གླིང་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གི་མིང་ཐོའི་གྲས་སུ་ཚུད་པ་མ་ཟད་འགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས“ཁྱད་འཕགས་ལག་ལེན་མིང་དེབ”ཏུ་ཚུད་པར་ཡར་ཞུ་བྱས། ཁོས་ད་དུང་བཤད་རྒྱུར། འདི་ལྟ་བུའི་ས་ཁུལ་རང་བཞིན་གྱི《གེ་སར》གླིང་སྒྲུང་གྱེར་བཤད་ཆེད་ཚོགས་སོགས་ཀྱི་བྱ་འགུལ་སྤེལ་པ་བརྒྱུད་དེ་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་བ་དང་། རང་རྒྱལ་རིག་གནས་སྣ་མང་ཅན་འཕེལ་རྒྱས་སུ་འགྲོ་བར་གལ་ཆེ་བའི་དོན་སྙིང་ལྡན། དེ་བས། མཚོ་སྔོན་ནི་རྒྱལ་ཡོངས《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོ་འདི་སྔོག་འདོན་དང་། མྱུར་སྐྱོབ། སྲུང་སྐྱོབ། ལེགས་སྒྲིག ཡིག་བསྒྱུར། ཞིབ་འཇུག པར་སྐྲུན་སོགས་ཀྱི་བྱ་བ་འགོ་བརྩམས་པ་ཆེས་སྔ་བའི་ས་ཁུལ་ཡིན་ཞིང་། འདིའི་སྐོར་གྱི་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པ་དང་། འདིའི་རིགས་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན་བཅས་བྱས་པ་ལས་སྤྱི་ཚོགས་འཆམ་མཐུན་དང་གནས་སྐོར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དགེ་མཚན་ཆེན་མོ་ལྡན་ཟེར།
དགའ་རྟགས་ཐོབ་པའི་གེ་སར་སྒྱུ་རྩལ་པ་དག
སྐུ་མགྲོན་དང《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་རྣམས་ལྷན་དུ་པར་བསྐྱོན་པ།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་རྩ་འཛུགས་ཁུངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲང་མིན་གྱིས་བཤད་རྒྱུར། མཚོ་སྔོན་པོ་ས་ཁུལ་ནི་གྲོང་ཁྱེར་དང་ཆེས་ཉེ་བའི་འབྲོག་ཁུལ་ཞིག་ཡིན་ཞིང་། དེང་རབས་ཚན་རིག་ལག་རྩལ་གྱི་ཁྱབ་སྤེལ་དང་འཕེལ་རྒྱས། རྒྱ་ཆེ་བའི་མང་ཚོགས་ཀྱི་རིག་གནས་རོལ་རྩེད་བྱེད་སྟངས་སོགས་ཀྱི་འགྱུར་བ། རླུང་འཕྲིན་དང་བརྙན་འཕྲིན། གློག་བརྙན་སོགས་དེང་རབས་རིག་རྩལ་རྣམ་པས་མང་ཚོགས་ཀྱི་གདོད་མའི་རིག་གནས་དང་རོལ་རྩེད་རྣམ་པའི་ཚབ་བྱེད་ཀྱི་ཡོད་སྟབས། དམངས་ཁྲོད་དུ《གེ་སར》སྒྲུང་ལ་ཉན་མཁན་ཇེ་ཉུང་དང་སྒྲུང་བ་ནི་ལྷག་པར་དཀོན་གྱི་ཡོད། ནང་སྒོས་སུ་ན་གཞོན་རྣམས་དེང་རབས་ལ་སྙེག་སྟེ་གནའ་བོའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་སྤྲོ་སེམས་དབུལ་ལ། 《གེ་སར》དམངས་ཁྲོད་སྒྱུ་རྩལ་པས་སྒྲོག་སྤེལ་བྱེད་པའི་ཁྱབ་ཁུངས་ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན་ཞིང་། 《གེ་སར》རིག་གནས་རྒྱུན་འཛིན་འདི་མི་འགྱངས་བར་ཉམས་ཉེན་གྱི་གནས་སུ་ལྷུང་ངེས་པས། གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱས་ནས་མཚོ་སྔོན་པོ་འགྲམ་རྒྱུད་ཀྱི《གེ་སར》དམངས་ཁྲོད་སྒྲུང་བ་གསོ་སྐྱོང་བྱེད་དགོས་ཏེ། ཐེངས་འདིའི་གླིང་སྒྲུང་གྱེར་བཤད་ཆེད་ཚོགས་བསྡུས་པ་ནི་འདི་ལྟ་བུའི་དགོས་མཁོར་དམིགས་པ་ཡིན་ལ། རྗེས་ཕྱོགས་མུ་མཐུད་དུ་འདིའི་ཐད་ལ་སེམས་ཤུགས་གང་ལེགས་འདོན་རྒྱུ་གལ་ཆེ་ཞིང་། འདིས་མཚོ་སྔོན་ཞིང་ཆེན་གྱི《གེ་སར》རིག་གནས་ཕུན་སུམ་ཇེ་ཚོགས་དང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་དགེ་མཚན་ཆེན་པོ་ལྡན་ཟེར།
ཐེངས་འདིའི་ཆེད་ཚོགས་ལ་ནུབ་བྱང་མི་རིགས་སློབ་ཆེན《གེ་སར》ཞིབ་འཇུག་གླིང་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པའམ་མིང་དུ་གྲགས་པའི《གེ་སར》ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་སོགས་ལས་ཁུངས་དང་མི་སྒེར་གྱིས་རྟེན་འབྲེལ་ཞུ་འཕྲིན་སྤྲིངས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com