ཕོ་བྲང་པོ་ཏ་ལ་སྔར་བས་བཀྲག་མདངས་ལྡན་པར་གཏོང་བཞིན་ཡོད།
ཀ་རག་བྱུགས་རྗེས་ཀྱི་ཕོ་བྲང་དཀར་པོ།
ཕོ་བྲང་དཀར་པོའི་སྒེའུ་ཁུང་ལ་སྣག་རྩིས་འབྱུག་བཞིན་པ།
དེ་ཡང་རྩེ་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གཅིག་གྱུར་བཀོད་འདོམས་བཞིན་ལོ་རེར་ཕོ་བྲང་པོ་ཏ་ལར་ཀ་རག་འབྱུག་བའི་ལས་ཀ་ད་ལོའི་སྤྱི་ཟླ་བཅུ་པའི་ཚེས་བཅུ་དགུ་སྟེ་བོད་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན།རེས་གཟའ་ལྷག་པའི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་བཟང་ཁྱད་པར་ཅན་ལ། རྩེ་ཕོ་བྲང་བདེ་ཡངས་ནུབ་ནས་སྔ་སྲོལ་བཟང་པོའི་ཆོ་ག་ཡོངས་སྤེལ་འགོ་བརྩམས་ཤིང་། ཀ་རག་འབྱུག་བའི་ལས་གཞི་དེ་ཐོག་མར་རྟེན་འབྲེལ་གྱི་ཚུལ་དུ་ལ་རྩེ་དང་རི་ཁྲོད་ཁང་གི་གཟིམ་ཁང་དཀར་པོ་ནས་རིམ་གྱིས་དབུ་ཚུགས་པ་ཡིན།
ཀ་རག་འབྱུག་བཞིན་པ།
ལས་གཞི་འདི་ནི་རྩེ་ཕོ་བྲང་པོ་ཏ་ལའི་ལོ་རེའི་དོ་དམ་ཞིག་གསོའི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། ཕོ་བྲང་པོ་ཏ་ལའི་ཞིག་གསོ་ཚན་པའི་ཁོངས་ཀྱི་ཨར་པོ་རུ་ཁག་ནས་དབུ་འདྲེན་གྱི་འགན་གཙོ་བོ་གནང་བ་དང་། རྩེ་ཕོ་བྲང་གི་ལས་ཞུགས་མི་སྣ་ཐམས་ཅད་ཀྱང་ལས་ཀའི་བར་གསེང་དུ་སྤྲོ་བས་དང་དུ་བླངས་ཏེ་ལས་གཞི་ལ་ཞུགས་ཅི་ཐུབ་བྱེད་ཅིང་། དེ་མིན་ལྷ་སའི་ཉེ་འཁོར་གྱི་གྲོང་མི་མང་ཤས་ནས་མ་བསྐུལ་དང་བླངས་ཀྱིས་ཀ་རག་དབོར་སྐྱེལ་སོགས་ཀ་རག་འབྱུག་བའི་ལས་ཀར་དངོས་སུ་ཞུགས་པ་དང་། གྲོང་མི་ལ་ལས་ཀ་རག་གི་གྲུབ་ཆ་ལ་ཉེ་བར་མཁོ་བའི་ཀ་ར་དཀར་དམར་དང་། ཞོ་འོ་མ་སྦྲང་རྩི་སོགས་ཀྱིས་མཆོད་འབུལ་གྱི་ཕྱག་ཟུང་ཡངས་པོར་ཕྱེ་སྟེ་འཛམ་གླིང་རིག་དངོས་ཤུལ་བཞག་གི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་ཕོ་བྲང་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པར་བསྐྲུན་པའི་ལྷག་བསམ་མངོན་པར་མཚོན་བཞིན་ཡོད།
ཕོ་བྲང་པོ་ཏ་ལ་འདི་ནི་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བ་དང་དམར་པོ་རིའི་དཀན་གཟར་གྱི་བྲག་རིའི་སྤོ་རུ་བཞེངས་ཡོད་པས། ལས་འདི་སྒྲུབ་པར་བདེ་འཇགས་དང་ལག་རྩལ་སོགས་ཕྱོགས་གང་ཅིའི་ཐད་དཀའ་བ་མི་ཉུང་བ་ཞིག་ཡོད་ནའང་། ཕོ་བྲང་པོ་ཏ་ལའི་གཏན་འཇགས་ཀྱི་ཨར་པོ་བ་དག་གིས་དཀའ་བ་ཅི་ཡོད་ཁྱད་གསོད་ཀྱིས་ལས་གཞི་འདི་ལེགས་འགྲུབ་ཡོང་བར་འབད་འབུངས་ལྷོད་མེད་བྱེད་བཞིན་ཡོད་པ་དང་། ལས་གཞི་འགོ་ཚུགས་པར་ཀུན་ནས་ཆུ་བརྒྱ་ཟམ་གཅིག་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ནུས་པ་ཐོན་པས། ད་ལྟའི་བར་ཉིན་བདུན་ཙམ་གྱི་ཡུན་ལས་འགོར་མེད་ནའང་ཕོ་བྲང་དཀར་པོ་དང་དམར་པོའི་མདུན་རྒྱབ་གཡས་གཡོན་བཅས་པར་ཀ་རག་གིས་ལེགས་པོར་བྱུགས་ཚར་བ་དང་། མི་འགྱངས་པར་ཞོལ་མཁར་གྲོང་དང་ཕོ་བྲང་ལྕགས་རིའི་ཕྱི་ལོགས་གཉིས་ཀར་ཡང་ཀ་རག་འབྱུག་བའི་གྲ་སྒྲིག་དང་། སྒེའུ་ཁུང་ལ་སྣག་རྩིས་མཛེས་བཟོ་བྱེད་པའི་ལས་གཞི་སོགས་ཀྱང་རིམ་གྱིས་འགོ་འཛུགས་པའི་སྟ་གོན་བྱེད་བཞིན་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com