རང་སྲོག་འབེན་ལ་བཞག་སྟེ་གཞན་སྲོག་སྐྱོབ་པའི་དཔའ་བོ་ཆུང་ཆུང་།

རྩོམ་པ་པོ།:བླ་མ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-27 10:53:00 ཀློག་གྲངས།:


རང་སྲོག་འབེན་ལ་བཞག་སྟེ་གཞན་སྲོག་སྐྱོབ་པའི་དཔའ་བོ་ཆུང་ཆུང་སློབ་གྲོགས་སྒྲོལ་མ་སྐྱབས།

         སྤྱི་ཟླ10བའི་ཚེས23ཉིན་གྱི་ཕྱི་དྲོར། ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ནས་རང་སྲོག་ལ་མ་འཛེམ་པར་གཞན་སྲོག་བསྐྱབས་པའི་མི་སེམས་འགུལ་བའི་དོན་དག་ཅིག་བྱུང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད2:15ཡས་མས་ཙམ་ལ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དམའ་འབྲིང་དང་བོའི་འཛིན་གྲྭ་བརྒྱད་པའི་སློབ་མ་སྒྲོལ་མ་སྐྱབས་ཟླ་བ་གླིང་གའི་འགྲམ་བརྒྱུད་དེ་སློབ་གྲྭར་ལོག་པའི་ལམ་བར་དུ། མཚེའུའི་ངོགས་སུ་བྱིས་པའི་ངུ་སྔངས་ཀྱི་འབོད་སྐད་གསལ་ལ་མི་གསལ་བ་ཞིག་ཐོས་བྱུང་ལ། དེ་མུར་དེའི་ཕྱོགས་སུ་སོང་སྟེ་བལྟས་པ་ན་མཚེའུ་འགྲམ་དུ་བྱིས་པ་གཉིས་ཀྱིས་གདོང་ལ་སྐྱོ་སྣང་དང་སེམས་འཚབ་ཀྱི་རྣམ་པ་ཞིག་མངོན་སྟེ་ངུ་སྐད་འདོན་གྱིན་པ་མཐོང་བ་ན། གནས་ཚུལ་མི་ལེགས་པ་ཤེས་ཏེ་ཕྱོགས་ཕྱོགས་སུ་བལྟས་ཚེ། མཚེའུའི་ནང་དུ་བྱིས་པ་ཞིག་ཆུ་ཁར་གཡེང་ཡོད་པ་མཐོང་།
         སྐབས་དེར། ལོ་ན་སུམ་ཅུ་ཡས་མས་ཀྱི་མི་གཉིས་མཚེའུ་འགྲམ་བརྒྱུད་ནས་ཡོང་བཞིན་ཡོད་ལ། སློབ་གྲོགས་སྒྲོལ་མ་སྐྱབས་ཀྱིས་ཁོ་གཉིས་ལ་སྲོག་སྐྱོབ་དགོས་པའི་བརྡ་བསྟན་ཡང་། ཁོ་གཉིས་ཀྱིས་གཡས་ལྟ་གཡོན་ལྟ་ཙམ་བྱས་ཏེ་སོམ་ཉིའི་ངང་འདུག་པ་ལས་མྱུར་དུ་མི་སྲོག་སྐྱོབ་པའི་རྣམ་པ་ཞིག་བསྟན་མ་བྱུང་། ཁོ་རང་ཁ་ཕྱིར་འཁོར་ཏེ་བལྟས་པ་ན། ཆུ་ཁར་གཡེང་བའི་བྱིས་པ་དེ་རིམ་བཞིན་ཆུ་ནང་དུ་བྱིངས་འགྲོ་བཞིན་པ་མཐོང་བ་དང་། ཚེ་སྲོག་གི་ཉེན་འཕྲང་དུ་སླེབས་པའི་ཛ་དྲག་གི་གནས་སྐབས་དེར། སྐར་ཆ་གང་ཡིན་ཡང་དལ་འགོར་འགྲོ་མི་རུང་བས། ཁོས་བློ་ཐག་རྦད་ཆོད་ཀྱིས་དེ་མ་ཐག་ཆུའི་ནང་དུ་མཆོང་ཞིང་། རང་ཉིད་ལ་ཉེན་ཁ་གང་འདྲ་ཆེ་ནའང་ཕྱིར་སྣུར་ཡེ་ནས་མ་བྱས་པར་ཆུའི་ནང་དུ་ལག་སྙོབས་ཡང་ཡང་བྱས་མཐར་བྱིས་པའི་རྐང་བ་གཅིག་ནས་ཟིན་པ་དང་། དེ་ལྟར་དྲུད་མ་འཐེན་གྱིས་མཚེའུ་འགྲམ་དུ་སླེབས་རྗེས། བྱིས་པའི་བྲང་ཁ་ནས་མནན་པ་ན་ཁ་ནང་ནས་ཆུ་དང་སྙིགས་མ་མང་བོ་ཞིག་ཕྱིར་སྐྱུགས་པ་དང་བསྟུན་དབུགས་ཀྱི་རྒྱུ་བ་ཕྲ་མོ་ཙམ་ཡོད་པར་གྱུར། སྐབས་དེར་ཉེན་རྟོག་པའང་སླེབས་བྱུང་ལ། ཆུ་ནས་བསྐྱབས་པའི་བྱིས་པ་དེ་མྱུར་དུ་སྨན་ཁང་དུ་སྐྱེལ་བ་དང་། ཕ་མའི་གཅེས་ཕྲུག་ཅིག་གི་ཚེ་སྲོག་གི་དབུགས་རྒྱུན་སོས་ཏེ་མི་སེམས་ལ་དྲོད་ཀྱི་སྣང་བ་རབ་ཏུ་བཀྱེད།
         དེའི་ཕྱི་ཉིན། སྲོག་ལས་བསྐྱབས་པའི་བྱིས་པ་དེའི་ཁྱིམ་བདག་གིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མདུན་ནས་སློབ་གྲོགས་སྒྲོལ་མ་སྐྱབས་ལ་དྲི་མེད་ཁ་བཏགས་དཀར་པོ་ཡུག་ཅིག་དང་ལེགས་སོའི་སྐྱེས་དང་བཅས་ཕུལ་ཏེ་བཀའ་དྲིན་ཆེ་ཞུས་པ་དང་། གནས་ཚུལ་དེ་སློབ་གྲྭ་ཡོངས་དང་ཐ་ན་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཁ་ན་རླུང་ལྟར་གྲགས་ཀྱིན་ཡོད། སྲོག་ལས་བསྐྱབས་པའི་བྱིས་པ་དེ་ནི་ལོ་ན་ལྔ་ལ་སོན་ཙམ་ཞིག་ཡིན་ལ། ད་ལྟ་ཡོངས་སུ་བདེ་ཐང་དུ་གྱུར་ཡོད།
         རང་སྲོག་འབེན་དུ་བཞག་སྟེ་གཞན་སྲོག་བསྐྱབས་པའི་མི་སེམས་འགུལ་བའི་དོན་དག་འདི་ནི་ལོ་ན་བཅུ་གསུམ་ཅན་གྱི་ལོ་ཆུང་བྱིས་པ་ཞིག་གི་སྙིང་རྗེ་དང་གཞན་གཅེས་ཀྱི་བླ་མེད་ཀུན་སྤྱོད་ཀྱི་མཚོན་ཚུལ་ཞིག་ཡིན་པ་དང་། ཁོའི་བདག་བས་གཞན་གཅེས་ཀྱི་སྙིང་སྟོབས་དང་སྤོབས་པ་ལ་ང་ཚོས་ནམ་ཡང་ཡི་རང་གོང་བཀུར་དང་བསྟོད་པའི་མེ་ཏོག་གཏོར་འོས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།