མ་ཡུམ་རྩྭ་ཐང་གི་མཚན་ལྗོངས་ཞེས་པའི་དགོང་ཚོགས་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-15 11:15:00 ཀློག་གྲངས།:


མ་ཡུམ་རྩྭ་ཐང་གི་འབོད་སྐུལ་ཞེས་པའི་འོད་སྡེར་གྱི་མདུན་ངོས།

          ཟླ11པའི་ཚེས12ཉིན་གྱི་དགོང་མོ།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་རྒྱལ་སྤྱི(FFI)ཀྲུང་གོའི་འབྲོག་སའི་རྩྭ་ཞེས་པའི་ལས་གཞི་གཞུང་ལས་ཁང་དང་རྨ་ཆུའི་འབྱུང་ཡུལ་བོད་རིགས་སྐྱེ་ཁམས་དང་ལུས་ཁམས་བདེ་སྲུང་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་མ་ཡུམ་རྩྭ་ཐང་གི་མཚན་ལྗོངས་ཞེས་པའི་དགོང་ཚོགས་བསྡུས་ཤིང་།  དགོང་ཚོགས་སུFFIའབྲོག་སའི་རྩྭ་ཞེས་པའི་ལས་གཞི་གཞུང་ལས་ཁང་གིས་རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས་ལ་རྩྭ་ཐང་སྲུང་སྐྱོབ་བརྗོད་བྱ་བྱས་པའི་འོད་སྡེརDVDསྟེ《མ་ཡུམ་རྩྭ་ཐང་གི་འབོད་སྐུལ》ཞེས་པ་བཀྲམ་པ་རེད།


རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་རྒྱལ་སྤྱི་ཀྲུང་གོའི་འབྲོག་སའི་རྩྭ་ཞེས་པའི་ལས་གཞི་
གཞུང་ལས་ཁང་གི་ལས་འཛིན་པ་བཀྲ་ཤིས་དབང་ཕྱུག་གིས་གཏམ་བཤད་གནང་བ།

          མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ།  མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀླུ་བྱམས་རྒྱལ།  གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་ཤིས་རྡོ་རྗེ།  མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་རྡོ་གྲགས།  མགོ་ལོག་ཁུལ་རིག་གནས་ཅུའུ་ཡི་འགོ་གཙོ་གཞོན་པ་མཚོ་སྐྱེས་རྡོ་རྗེ།  མགོ་ལོག་ཁུལ་གངས་ལྗོངས་ཕྱུག་རིགས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མགོན་ལྷ།  མགོ་ལོག་ཁུལ་གླུ་གར་ཚོགས་པའི་སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས།  དེ་མིན་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་།  བོད་འབྲེལ་དྲ་རྒྱ་ཆེན་མོ་དག་གི་གསར་འགོད་པ།  ཤེར་བསྟན་སོགས་གཞས་པ་དང་།  པེ་ཅིང་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་སོགས་མི80ལྷག་ཐེངས་འདིའི་དགོང་ཚོགས་ལ་ཞུགས་ཡོད་པ་རེད། 


རྨ་ཆུའི་འབྱུང་ཡུལ་བོད་རིགས་སྐྱེ་ཁམས་དང་ལུས་ཁམས་བདེ་སྲུང་མཐུན་ཚོགས་ཀྱི་ཚོགས་
གཙོ་འཇམ་དབྱངས་རྒྱ་མཚོས་གཏམ་བཤད་གནང་བ།

          མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་མདོ་འཛིན་པ་སྒྲོལ་མས་དགོང་ཚོགས་ལ་མདོ་འཛིན་མཛད་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་རྒྱལ་སྤྱི་ཀྲུང་གོའི་འབྲོག་སའི་རྩྭ་ཞེས་པའི་ལས་གཞི་གཞུང་ལས་ཁང་གི་ལས་འཛིན་པ་བཀྲ་ཤིས་དབང་ཕྱུག་དང་རྨ་ཆུའི་འབྱུང་ཡུལ་བོད་རིགས་སྐྱེ་ཁམས་དང་ལུས་ཁམས་བདེ་སྲུང་མཐུན་ཚོགས་ཀྱི་ཚོགས་གཙོ་འཇམ་དབྱངས་རྒྱ་མཚོ་གཉིས་ཀྱིས་སོ་སོའི་རྩ་འཛུགས་ཀྱི་ཚབ་བྱས་ཏེ་དགོང་ཚོགས་སུ་ཞུགས་པའི་ལྷན་རྒྱས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་བརྗོད་ཅིང་།  དགོང་ཚོགས་སུ་བཀྲ་ཤིས་དབང་ཕྱུག་གིསPPTཡི་ཐབས་ལམ་བརྒྱུད་དེ་མཚོ་བོད་མཐོ་སྒང་རྩྭ་སའི་མ་ལག་གི་གནས་བབ་མཚམས་སྦྱོར་གནང་བ་དང་།  ཐེངས་འདིའི་མ་ཡུམ་རྩྭ་ཐང་གི་འབོད་སྐུལ་ཞེས་པའི་ཇུས་འགོད་པ་དང་འགན་འཛིན་པ་ངག་དབང་འཇིགས་མེད་ཀྱིསDVDསྒྲིག་བཟོ་བྱེད་པའི་གོ་རིམ་ངོ་སྤྲོད་བྱས་པ་རེད། 


མ་ཡུམ་རྩྭ་ཐང་གི་འབོད་སྐུལ་ཞེས་པའི་ཇུས་འགོད་པ་དང་འགན་འཛིན་པ་ངག་དབང་
འཇིགས་མེད་ཀྱིསDVDསྒྲིག་བཟོ་བྱེད་པའི་གོ་རིམ་ངོ་སྤྲོད་གནང་བཞིན་པ།

          དགོང་ཚོགས་སུ་མ་ཡུམ་རྩྭ་ཐང་གི་འབོད་སྐུལ་ཞེས་པའིDVDའོད་སྡེར་འདི་ཐོག་མར་ཚོགས་ཞུགས་པ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་ཞིང་།  རྣམ་པ་ཚོ་ཡུལ་དངོས་སུDVDའོད་སྡེར་ལ་གཟིགས་རྗེས་སོ་སོ་ནས་སྤྲོ་སེམས་འཁོལ་བའི་གླེང་མོལ་མཛད།  དུས་སྐབས་དེའི་ནང་ཤེར་བསྟན་དང་།  སྒྲོལ་མ།  འཇམ་དབྱངས་བློ་གྲོས།  ཚེ་བརྟན་སྒྲོལ་མ།  བློ་བཟང་ཡར་འཕེལ།  ཚེ་རིང་སྒྲོལ་མ།  པདྨ་བསྟན་འཛིན།  པདྨ་རྣམ་རྒྱལ།  རྒྱལ་མཚན་སོགས་གཞས་པ་དང་ཁོར་ཡུལ་སྲུང་སྐྱོབ་ལ་སྤྲོ་སེམས་རྒྱས་པའི་མི་སྣར་རྩྭ་ཐང་སྲུང་མི་ཞེས་པའི་གཟི་བརྗིད་ཀྱི་དཔང་ཡིག་གནང་བ་རེད། 


མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་མདོ་འཛིན་པ་སྒྲོལ་མས་དགོང་ཚོགས་ལ་མདོ་འཛིན་མཛད་པ།

          FFIཡིས་ཇི་ལྟར་བྱས་ནས་འབྲོག་ཁུལ་གྱི་ཁོར་ཡུག་སློབ་གསོ་སྤེལ་པའི་ཐད་ལ་ཡུལ་དངོས་སུ་དྲི་གཞིའི་ཤོག་བྱང་བཀྲམ་ཏེ་རྟོགས་ཞིབ་བྱས་པ་སྟེ།  དེའི་ནང་དོན་ཁག་ནི། ཁྱེད་ཀྱིས་བལྟས་ན་འབྲོག་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་ཤེས་མི་འདང་ས་གང་དག་ཡོད་པ་ཞེས་པ་དང་།   ཁྱེད་ཀྱིས་འབྲོག་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོ་ལ་གཞིག་སྟེ་ཕན་ལྡན་གྱི་ཐབས་ཤེས་གང་དག་སྤྱོད་འོས་སྙམ་པ་སོགས་དྲི་བ་སྐོར་ཞིག་བཏོན་ནས་ཡུལ་དངོས་སྐུ་མགྲོན་རྣམས་ཀྱིས་དྲི་ལན་དཔྱིས་ཕྱིན་པ་ཞིག་བཏབ་ཅིང་།  རྗེས་ཕྱོགས་སུFFIཡིས་ཁོར་ཡུག་སྲོང་སྐྱོབ་ཐད་ལ་སྔར་ལས་ལྷག་པར་བློ་བཀོད་འཐེན་པ་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་མཐོར་འདེགས་གཏོང་བར་བསམ་འཆར་ལེགས་པོ་བཏོན་པ་རེད།  


ཁོར་ཡུལ་སྲུང་སྐྱོབ་བྱེད་མཁན་དག་ལ་རྩྭ་ཐང་སྲུང་མི་ཞེས་པའི་གཟི་བརྗིད་ཀྱི་དཔང་ཡིག་གནང་བ།

ཟུར་བཀོད།  
འབྲོག་སའི་རྩྭ་ཞེས་པའི་རྩྭ་སའི་ཐོན་ཁུངས་བདག་གཉེར་སྲུང་སྐྱོབ་ལས་གཞི།
          འདི་ནི་ཁེ་ཕན་འབྲེལ་ཡོད་ཁག་སོ་སོས་གྲོས་མོལ་གྱི་ཚུལ་དུ་རྩྭ་སའི་ཐོན་ཁུངས་བདག་གཉེར་ཐབས་ཀྱི་གནས་བབས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་ལས་གཞི་ཞིག་ཡིན་ཞིང་།   ལྷག་པར་དུ་སྡེ་མི་ཚོས་བརྩོན་སེམས་མཐོར་འདེགས་བྱས་ནས་རྩྭ་སའི་ཐོན་ཁུངས་བདག་གཉེར་བྱེད་པའི་ནུས་པ་བསྐྱེད་སྲིང་བྱེད་པ་དང་།  ད་ཡོད་ཀྱི་རྩྭ་སའི་ཐོན་ཁུངས་བདག་གཉེར་ཐོན་ཁུངས་ཆ་ཇེ་ཚང་དུ་གཏོང་བ་དང་།  འཚོ་ཇུས་གསར་སྤེལ་བྱས་ནས་མི་དང་།  ཕྱུགས།  རྩྭ་གསུམ་བར་གྱི་སྐྱེ་ཁམས་དོ་མཉམ་བྱེད་པ་བཅས་ལ་རམ་འདེགས་བྱེད་པའི་ལས་གཞི་ཞིག་ཡིན།  
མ་ཡུམ་རྩྭ་ཐང་གི་འབོད་སྐུལ་ཞེས་པའི་འོད་སྡེར།  
          འདི་ནི་ང་ཚོའི་མ་ཡུམ་དུ་གྱུར་བའི་མདོ་དབུས་མཐོ་སྒང་གི་རྩྭ་ཐང་འདི་ཉེ་བའི་ལོ་འདི་འགའི་རིང་ལ་ཉམས་རྒུད་དུ་འགྱུར་བཞིན་ཡོད་པར་དམིགས་ནས།  དེ་སྲུང་སྐྱོབ་བྱེད་ཆེད་བོད་ཀྱི་རྩོམ་པ་པོ་མང་པོས་རྩྭ་སའི་སྐྱེ་ཁམས་འདི་བརྗོད་བྱ་བྱས་ཏེ་སྙན་པའི་ཚིག་དང་།  གླུ་བ་མང་པོས་དེ་ལ་དབྱངས་དང་སྙན་མོ་ངག་གིས་སྲུང་སྐྱོང་གི་གླུ་འབུལ་བྱས་ནས་མདོ་དབུས་མཐོ་སྒང་གི་རྩྭ་ས་འཚོ་བའི་གཞི་རྟེན་དུ་གྱུར་བའི་དམངས་ཚོགས་ལ་ཐུན་མོང་གི་མ་ཡུམ་རྩྭ་ཐང་འདི་སྲུང་སྐྱོང་བྱེད་དགོས་པར་འབོད་སྐུལ་རེ་གནང་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།