ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་ཐེངས་གསུམ་པའི་ཟས་རིགས་གཡོས་སྦྱོར་ལག་རྩལ་འགྲན་སྡུར་སྤེལ་བ།
འགྲན་ཞུགས་པ་རྣམ་པས་མིག་ལ་རས་དམར་གྱིས་བསྒྲིབས་ཏེ་ཚོད་མ་གཙབ་གཏུབ་ཀྱི་ལག་ལེན་དངོས་ལ་ཞུགས་པའི་ཚུལ།
སློབ་མའི་རྒྱུན་སྤྱོད་ཀྱི་བཟའ་བཏུང་ནི་སློབ་མའི་འཚོ་བའི་ཁྲོད་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བའི་རྒྱུ་རྐྱེན་ཉག་གཅིག་དང་རྩ་བའི་མཐུན་རྐྱེན་ཡིན་པ་རེད། ལྷག་པར་བཅའ་སྡོད་སློབ་གྲྭ་ཞིག་གི་སློབ་མར་མཚོན་ན་བདེ་ཐང་ནི་སློབ་སྦྱོང་འཚོ་བའི་ཁྲོད་ཆེས་གལ་ཆེན་དུ་གྲུབ་ཡོད། དེའི་རྐྱེན་གྱིས་ཟླ11བའི་ཚེས21ཉིན་གྱི་ཕྱི་དྲོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྤྱི་གཉེར་སྡེ་ཁག་གིས་བཀོད་སྒྲིག་ལྟར་སློབ་གྲྭའི་སྐབས་གསུམ་པའི་ཟས་རིགས་གཡོས་སྦྱོར་ལག་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་རེད། འདི་ལྟ་བུའི་བྱ་འགུལ་སྤེལ་དོན་ཡང་མཐར་གཏུགས་ན་སློབ་མ་རྣམས་ཀྱིས་དྭངས་གཙང་ཅན་དང་། བྲོ་བ་ཅན། བདེ་ཐང་ཅན་གྱི་ཟས་རིགས་ཤིག་ལོངས་སུ་སྤྱོད་པའི་ཆེད་དང་། ཇ་ཁང་གི་ཕྱོགས་ཡོངས་འཕེལ་རྒྱས་དང་ལྷག་པར་ཇ་མ་རྣམ་པའི་ཟས་རིགས་གཙབ་གཏུབ་ཀྱི་ནུས་རྩལ་དང་ཟས་རིགས་སྣ་མང་རྔོད་སྟངས་ཀྱི་ལག་རྩལ་ལམ་རྒྱུ་སྤུས་མཐོར་འདེགས་གཏོང་ཆེད་ཡིན་པ་བཤད་མ་དགོས། དེ་བས་སློབ་གྲྭའི་ཇ་ཁང་གི་ཉིས་ཐོག་ནས་སློབ་གྲྭའི་འགོ་ཁྲིད་སྐོར་ཞིག་དང་སློབ་གྲྭའི་ཇ་མ་ཡོངས། བྱིས་གཉོར་མི་སྣ། གཙང་དག་བྱེད་མི་བཅས་ཁྱོན་བསྡོམས་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་བསྡུས་ནས་བྱ་འགུལ་འདི་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་། ཐེངས་འདིའི་བྱ་འགུལ་ལ་སྔོན་མའི་བྱ་འགུལ་དང་མི་མཐུན་ས་གཅིག་ཡོད་པ་ནི། འགྲན་ཞུགས་ཇ་མ50ལྷག་ཡོངས་ཀྱིས་ཟས་རིགས་གཙབ་གཏུབ་ཀྱི་གོ་རིམ་ཁྲོད་དུ། མིག་གིས་བལྟས་མི་ཆོག་པར་མིག་ལམ་བསྒྲིབས་ནས་ལག་ལེན་དངོས་ལ་བསྟར་བ་དེ་རེད།
མིག་ལམ་བསྒྲིབས་ནས་གཙབ་གཏུབ་ཀྱི་འགྲན་སྡུར་མཇུག་རྫོགས་པའི་འབྲས་རྟགས་མཚར་པོ།
སློབ་གྲྭའི་ཟས་རིགས་གཡོས་སྦྱོར་བྱེད་པའི་འགྲན་ཞུགས་ཇ་མ50ལྷག་གིས་རང་རང་གི་ནུས་པ་ཡོད་ཚད་འགྲན་སྡུར་གྱི་ལས་རིམ་ལ་བཏོན་ཏེ་གཏན་འཁེལ་དུས་ཚོད་ནང་ཚོད་མ་གཙབ་པ་ཆེས་ལེགས་ཤིང་ཆེས་མགྱོགས་པའི་ལག་རྩལ་ཕུལ་བྱུང་ཅན་ཞིག་གི་ཆོ་ལོ་ཐོབ་པར་ཧུར་བརྩོན་བྱེད་པར་བལྟས་ན་ཇ་མ་ཡོད་ཚད་ནི་ངལ་རྩོལ་ལ་དགའ་ཞིང་མ་འོངས་གདུང་འདེགས་ཀྱི་ཀ་བ་རུ་ཉན་དགོས་པའི་སློབ་བུ་འདི་དག་གི་འཕྲལ་ཕུགས་རེ་འདུན་བསམ་ནས་འདི་ལྟ་བུའི་བྱ་འགུལ་ལ་སྤྲོ་བ་དང་མོས་པའི་སྒོ་ནས་ཟབ་ཞུགས་བྱས་པ་རེད་འདོད། དུས་ཚོད་གཅིག་དང་ཕྱེད་ཀའི་རིང་གི་ཛ་དྲག་དང་ངོ་མཚར་གྱི་འགྲན་སྡུར་ལས་ཇ་མ་སོ་སོའི་གཙབ་གཏུབ་ཀྱི་ལག་རྩལ་ཁྱད་དུ་འཕགས་པ་མཚོན་པས་ལྟ་མཁན་རྣམ་པའི་ཡིད་ཀྱི་དང་བ་འཕྲོག་ཅིང་མིག་རྒྱ་རབ་ཏུ་བསྐྱེད། ཐེངས་འདིའི་འགྲན་སྡུར་ལ་བཀོད་སྒྲིག་བྱས་པའི་བྱ་དགའི་རྣམ་གྲངས་དེ་འདྲ་མང་རྒྱུ་མེད་ཅིང་རྩ་ཆེན་མིན་ན་ཡང་། གློག་གདན་དང་གློག་རྫ་སོགས་ཀྱི་དངོས་རྫས་ཆུང་ངུས་མེ་ཏོག་ཆུང་རུང་མཆོད་རྫས་དང་གུར་གུམ་ཆུང་རུང་སྨན་རྫས་ཀྱི་དཔེ་ལ་སྦྱར་ནས་ལེགས་སྐྱེས་གནང་བར་འགྲན་ཞུགས་པ་ཡོངས་དང་ལྟད་མོ་བ་རྣམ་པས་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་ལས་ཡིད་ཚིམ་ཞིང་མགུ་བ་མངོན་སུམ་སྒོས་ཤེས་ཐུབ།
ན་ཚོད་གཞོན་པའི་སྨན་ཤར་འདི་དག་གིས་དུས་དང་རྣམ་པ་ཀུན་ཏུ་དགེ་སློབ་ཀུན་ལ་དྲི་ཞིམ་ཞིང་
བྲོ་བ་ལེགས་པའི་ཟས་རིགས་ཀྱི་སྡེར་ཀ་བསྒྲིགས་མུས་མཆིས།
འགྲན་སྡུར་ཁྲོད་ལག་རྩལ་གཟེངས་སུ་ཐོན་པའི་ཇ་མ་འགའ་ལ་གནང་བའི་སེམས་མཚོན་ལེགས་སྐྱེས།
རེབ་འདིའི་ཚོད་མ་གཙབ་གཏུབ་ཀྱི་ལག་རྩལ་འགྲན་བསྡུར་འདི་སྤེལ་བ་བརྒྱུད་ཇ་མ་རྣམ་པར་སྔོན་དང་མི་འདྲ་བར་ལག་རྩལ་གསར་བ་ཞིག་རྒྱུད་ལ་འབྱོར་བའི་མི་ཚད་རྗེས་ཕྱོགས་ཀྱི་གཡོས་སྦྱོར་བྱ་བ་དང་ཟ་མ་ལས་སྟངས་ཀྱི་ཐད་འཆར་གཞི་གསར་བ་ཞིག་དང་དམིགས་ཡུལ་ཡང་དག་ཅིག འགན་ཁུར་གཙང་མ་ཞིག་མ་བཅོས་རང་བྱུང་ངང་གྲུབ་བོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com