མཚོ་ལྷོས་བོད་ཀྱི་དམངས་གླུ་དང་མཚོ་ལྷོའི་སྐོར་བྲོ་འཁྲབ་སྟོན་འགྲན་ཚོགས་ཆེན་མོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-07 09:03:00 ཀློག་གྲངས།:


ཡུལ་སོ་སོ་ནས་ཡོང་བའི་འཁྲབ་སྟོན་པ་རྣམས་ཀྱིས་མཚོ་ལྷོའི་སྐོར་བྲོ་འཁྲབ་བཞིན་པ།

  ཟླ2པོའི་ཚེས5ཉིན་ཏེ་ལུགས་རྙིང་གི་ཟླ1པོའི་ཚེས14ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུས་གཙོ་སྒྲུབ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱས་པའི་མཚོ་ལྷོ་ཁུལ་བོད་ཀྱི་དམངས་གླུ་གླུ་བ་གདན་ཞུ་འགྲན་ཚོགས་དང་ཆབ་ཆ་ས་ཁུལ་གྱི་མཚོ་ལྷོའི་སྐོར་བྲོ་འཁྲབ་སྟོན་འགྲན་ཚོགས་ཆེན་མོ་མཚོ་ལྷོ་ཁུལ་མཚོ་སྔོན་པོ་ཐང་ཆེན་དུ་བསྡུས་པ་རེད། འགྲན་ཚོགས་སྟེང་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། ཆབ་ཆ་གྲོང་རྡལ་གྱི་སྡོད་ཁུལ7།   མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་གཉིས།  རྐ་གསར་སྡེ་བའི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་རུ་ཁག  དེ་མིན་མཚོ་ལྷོའི་རྫོང་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ་རྣམས་གདན་འདྲེན་ཞུས་ཡོད་པ་རེད།


བོད་ཀྱི་གླུ་བ་སྐད་གྲགས་ཅན་དཀོན་མཆོག་རྒྱ་མཚོ་ལགས་འགྲན་ཚོགས་སྟེང་གདན་འདྲེན་ཞུས་ནས་གླུ་ལེན་པ།

བྲག་དཀར་རྫོང་གི་གླུ་བས་སྙན་མོ་དབྱངས་ལ་བཀུག་ནས་གླུ་ལེན་པ།

ཡུལ་སོ་སོ་ནས་ཡོང་བའི་འཁྲབ་སྟོན་པ་རྣམས་ཀྱིས་མཚོ་ལྷོའི་སྐོར་བྲོ་འཁྲབ་བཞིན་པ།

  ཐེངས་འདིའི་འགྲན་ཚོགས་ལ་རིག་རྩལ་འཁྲབ་སྟོན་དང་། མི་སྟོང་གཅིག་ལྷག་གིས་གྲུབ་པའི་སྐོར་བྲོ་འཁྲབ་སྟོན། དམངས་གླུ་འགྲན་སྡུར་བཅས་རིམ་པ་གསུམ་དུ་འདུས། ཉིན་འདིར་ཡུལ་འདི་གའི་མང་ཚོགས་རྣམས་ཀྱིས་དམངས་ཁྲོད་ཀྱི་ཞབས་བྲོ《ཞིང་ཆུང་གྲུ་བཞི》དང《སྐལ་བཟང་མེ་ཏོག》སོགས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་མིག་གི་དགའ་སྟོན་ལོངས་སུ་སྤྱོད་ཐུབ་པ་དང་མཉམ་དུ། རྣ་བའི་གསོས་སུ་འགྱུར་བའི་གླུ་བ་གླུ་མ་སྐད་གྲགས་ཅན་རྣམས་ཀྱི་རྒྱུད་དྲུག་པི་ཝང་ལྟ་བུའི་སྐད་ངག་སྙན་མོ་ཡང་ཉམས་སུ་མྱོང་ཐུབ། དེར་མ་ཟད་སྐོར་བྲོའི་དབྱངས་སྙན་ལྷང་ལྷང་དུ་གྲགས་པ་དང་བསྡོངས་ནས། མང་ཚོགས་དང་འཁྲབ་སྟོན་པ་ཡོངས་ཀྱིས་གཟབ་འཆོར་སྤྲས་ཏེ་མཐུན་སྒྲིལ་གྱི་ལག་གདང་དམ་པོར་སྦྲེལ་ནས་སྐོར་བྲོ་འཁྲབ་བཞིན་མཉམ་དུ་དུས་ཕུན་སུམ་ཚོགས་པའི་སྤྲོ་དགའི་དཔལ་ལ་རོལ།


གཟབ་མཆོར་གྱིས་སྤྲས་པའི་ལྟད་མོ་བའི་ཚོགས།

  འཁྲབ་སྟོན་ཡོངས་མཇུག་སྒྲིལ་རྗེས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པས་འཁྲབ་སྟོན་རུ་ཁག་དང་གླུ་བ་གླུ་མ་ཡོངས་ཀྱིས་མང་ཚོགས་ལ་ལྟད་མོ་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས་པར་བཀའ་དྲིན་ཞུ་བ་དང་མཉམ་དུ་ཁོང་ཚོར་བྱ་དགའ་གནང་བ་རེད།


གདན་འདྲེན་ཞུས་པའི་གླུ་བ་རྣམས་ལ་བྱ་དགའ་གནང་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།