ཀན་ལྷོའི་བཙུན་པ་བསྟན་པ་རྒྱ་མཚོས་གཞན་དོན་ལྷུར་ལེན་མཛད་པ།
བསྟན་པ་རྒྱ་མཚོ་ལགས་ཀྱིས་ནད་པར་བརྟག་དཔྱད་བྱེད་བཞིན་པ།
ད་ལོར་དགུང་ལོ52ལ་སོན་པའི་བསྟན་པ་རྒྱ་མཚོ་ལགས་ནི་ཀན་ལྷོའི་གཙོས་གྲོང་ཁྱེར་ཁ་གྱ་སྨད་ཡུལ་ཚོ་རུ་མངའ་བའི་ཁ་གྱ་སྨད་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་ཡིན་ཞིང་། 2004ལོར་ཁོང་གིས་རྩ་འཛུགས་བྱས་ནས་ཁ་གྱ་སྨད་དགོན་པའི་བོད་སྨན་ཁང་བཙུགས་པ་རེད།
ཁ་གྱ་སྨད་དགོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་རྙིང་ཞིག་ཡིན་ཏེ། བགྲང་བྱ1300ལྷག་གི་ལོ་རྒྱུས་ལྡན་པ་རེད། དགོན་པ་འདི་གས་རྒྱལ་བའི་དམ་ཆོས་ཚུལ་བཞིན་སྐྱོང་ཞིང་ནང་བའི་ཆོས་ཉམས་སུ་ལེན་པ་གཙིགས་སུ་བཟུང་བར་མ་ཟད། བོད་ཀྱི་གསོ་བ་རིག་པའི་མི་སྣ་འཇོན་ཐང་ཅན་མང་པོ་སྐྱེད་སྲིང་བྱས་པ་རེད།
ཆུང་དུས་ནས་གསོ་བ་རིག་པའི་གནས་ལ་སྤྲོ་བས་བརྟས་པའི་བསྟན་པ་རྒྱ་མཚོ་ལགས1980ལོར་ཆོས་སྒོར་ཞུགས་ནས་རབ་བྱུང་བསྒྲུབས་པ་དང་། ཁོང་གིས་གསོ་བ་རིག་པའི་གཞུང་ཁོང་བྱན་ཆུད་པ་ཞིག་སྦྱངས་བར་དམིགས་ནས་སི་ཁྲོན་འབར་ཁམས་དང་ཀན་ལྷོ་སོགས་སུ་ཕྱིན་ནས་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་སྨན་པ་བསྟན་ཁོ་དང་དགེ་རྒན་ཆེན་མོ་ཐུབ་བསྟན་གྱི་དྲུང་དུ་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་དང་ལག་རྩལ་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས།
ལོ་ངོ་དུ་མའི་རིང་ཁོང་ཀན་ལྷོ་བོད་ཁུལ་གྱི་ས་ཆ་སོ་སོར་སོང་ནས་ནད་པར་སྨན་བཅོས་བྱས་པ་མ་གཏོགས། མཚོ་སྔོན་དང་སི་ཁྲོན་སོགས་ཡུལ་གཞན་དུ་སོང་ནས་རྒྱ་ཆེའི་ནད་པ་རྣམས་ལ་ནད་བརྟག་དང་སྨན་བཅོས་བྱེད་པ་སོགས་འགྲོ་བའི་དོན་ཟམ་མི་ཆད་པར་བསྒྲུབས་པ་རེད།
མིག་སྔར་བསྟན་པ་རྒྱ་མཚོ་ལགས་ཀྱིས་བོད་སྨན་ཁང་གི་འགོ་གཙོ་དང་ཁ་གྱ་སྨད་དགོན་པའི་དགོན་བདག་གི་འགན་གཅིག་ལྕོགས་སུ་བཞེས་ཤིང་། ཁོང་གིས་ཉིན་མཚན་དབྱེར་མེད་དུ་ནང་ཆོས་ཀློག་འདོན་བྱེད་དགོས་པར་མ་ཟད། དགོན་པའི་ནང་གི་གྲྭ་བ་རྣམས་ལ་གསོ་རིག་སྨན་བཅོས་ཀྱི་ལག་རྩལ་ཡང་སློབ་ཁྲིད་བྱེད་དགོས། དེ་ལས་གཞན་བོད་སྨན་ཁང་དུ་ནད་པ་རྣམས་ལ་ནད་བརྟག་སྨན་བཅོས་དང་སྨན་སྦྱོར་ཁང་དུ་ཞིབ་བཤེར་བྱེད་པ་བཅས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མེད་པར་འགྲོ་བའི་དོན་ལྷུར་ལེན་མཛད་བཞིན་ཡོད་པ་རེད།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་གསོ་རིག་དར་ནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་ཁང་དང་པོ་ཡུལ་འདི་རུ་བཙུགས་པ་ཡིན། བོད་བརྒྱུད་ནང་བསྟན་ཆོས་སྡེ་ནི་གནའ་ནས་དེང་བར་དུ་བོད་ཀྱི་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གནས་གལ་ཆེན་ཞིག་ཏུ་གྱུར་འདུག་ལ། ཀན་ལྷོ་ཁུལ་གྱི་དགོན་སྡེ120ཡི་ཁྲོད་དུ་དགོན་པ30ལྷག་གིས་བོད་སྨན་སྨན་སྦྱོར་དང་བཀོལ་སྤྱོད་བྱེད་བཞིན་ཡོད།
ཁ་གྱ་སྨད་བོད་སྨན་ཁང་གི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན་བསྟན་པ་རྒྱ་མཚོ་ལགས་ཀྱིས་ཡུལ་དུས་ཀུན་ཏུ་རིན་ཆེན་སེམས་མཆོག་བསྐྱེད་ནས་རིན་མི་ལེན་པར་ནད་པ་མང་བོར་སྨན་བཅོས་བྱས་པར་མ་ཟད། སྔ་རྗེས་སུ་སྒོར་འབུམ་གཅིག་ལྷག་གིས་དཀའ་ངལ་ཅན་གྱི་སློབ་མ་རྣམས་ལ་རོགས་སྐྱོར་དང་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཞལ་འདེབས་ཕུལ། དེ་མིན་སི་ཁྲོན་དང་མཚོ་སྔོན་སོགས་རང་བྱུང་གནོད་འཚེ་ཐེབས་པའི་ས་ཁུལ་ལ་ཡང་ནུས་ཤུགས་ཅི་ཡོད་སྒོས་རོགས་སྐྱོར་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com