ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་སློབ་རའི་རིག་གནས་དུས་ཆེན་སྤེལ་བ།
ན་ཆུང་བྱིས་པ་ཚོས་ལག་ཟུང་གིས་དབུགས་ལྒང་མཐོ་རུ་བཏེགས་ནས་ཁོ་ཚོར་དབང་བའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
མཛེས་སྡུག་གི་གར་སྟེགས་སྟེང་དུ་འགྲོས་མཉམ་ཞིང་སྟངས་སྟབས་ལེགས་པའི་བོད་ཀྱི་ཞབས་བྲོ་འཁྲབ་བཞིན་པའི་ཚུལ།
ཟླ6པའི་ཚེས1ཉིན། དབྱར་ཟླ་ལྔ་བའི་ལྗང་མདོག་གི་འཇིག་རྟེན་ཞིག་ཚུར་ལ་བསུས་ཏེ་ཚང་མས་ངང་སྒུག་དང་རེ་སྙེག་བྱེད་པའི་རྒྱལ་སྤྱིའི་སྐབས63པའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་དགེ་བཟོ་བ་སུམ་བརྒྱ་ལྷག་དང་སློབ་མ་སྟོང་ཕྲག་གསུམ་གྱི་དགའ་བའི་ཉམས་དང་དགོད་པའི་འཛུམ་གྱིས་ངང་གིས་བསུས་བྱུང་། བཀྲ་ཤིས་ཉིས་འཛོམས་ཀྱི་ཉིན་མོར་རྒྱ་ཆེའི་ལྟད་མོ་བ་ཡོངས་གཅིག་རྗེས་གཉིས་མཐུད་ངང་སློབ་རའི་ཁོ་ར་ཁོར་ཡུག་ཀུན་ཏུ་འཚང་ཁ་ཤིག་ཤིག་ངང་འདུས་ལ། ཕྱོགས་ཡོངས་ཀྱི་མགྲོན་པོ་དང་བྱམས་ལྡན་གྱི་དགེ་རྒན། བློ་ལྡན་གྱི་སློབ་བུ་རྣམས་ཀྱིས་ལུས་ལ་གོས་གང་ཡག་གི་གཟབ་མཆོར་སྤྲས་ཤིང་མཛེས་སྡུག་གི་བཞིན་མདངས་གྲོལ་ནས་སྔ་དྲོའི་དུས་ཚོད9དང་སྐར་མ30སྟེང་མདོ་འཛིན་པའི་མགོ་རྩོམ་གྱི་མཆོད་ཚིག་དང་སྦྱར་ཏེ་ལྟད་མོ་དངོས་སུ་འགོ་བརྩམས།
དག་གཙང་གི་འཕྱོར་ལྭ་མནབས་ནས་དུས་ཆེན་བསུ་བའི་གཟུགས་དབྱིབས་བཟོ་བ།
དགེ་རྒན་འཐུས་ཚབ་པའི་རྒྱན་གོས་འཁྲབ་སྟོན་གྱིས་ལྟད་མོ་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག
རྔ་བོ་ཆེ་དང་སྦུབ་ཆའི་ལྡིར་སྒྲའི་ཁྲོད་ནས་སློབ་རའི་དགེ་སློབ་སྟོང་ཕྲག་གསུམ་ལྷག་གིས་འགྲོས་མཉམ་པའི་གོམ་སྟབས་བསྒྱུར་ཞིང་། ལོ་རིམ་མཐོ་དམའ་ལྟར་དུ་རང་རང་གི་སྣེ་སྟོན་དགེ་རྒན་གྱི་འཐུས་ཚང་བའི་བཀོད་སྒྲིག་དང་གསར་གཏོད་རང་བཞིན་གྱི་གྲལ་དཔུང་རེ་རེ་ལ་དུས་ཆེན་བསུ་མ་བྱེད་པའི་མེ་ཏོག་དང་དབུགས་ལྒང་། ཁ་བཏགས་བཅས་ཀྱི་ཡོམ་ཡོམ་འགུལ་བའི་གཡོ་འགུལ་དང་དགའ་སྤྲོའི་བསུ་འབོད་བཅས་ཀྱིས་གཟུགས་དབྱིབས་སྣ་ཚོགས་བཟོས་ལ། སོ་སོའི་ཁྱད་ཆོས་ལྟར་དུ་དབྱངས་གཅིག་གདངས་གཅིག་གིས་མཆོད་ཚིག་སྙན་མོ་སློབ་རའི་མཁའ་དབྱིངས་སུ་བསྐྱིལ། ལོ་རིམ་ཁག་སོ་སོའི་ཐུན་མིན་གྱི་བློ་སྤོབས་དང་ལ་རྒྱའི་མགོ་བོ་དགུང་དུ་བཏེགས་ཏེ་ཚོགས་རར་བསྐྱོད་ཚུལ་གྱིས་མ་འོངས་འབྱུང་འགྱུར་གྱི་མདུན་ལམ་སྔར་ལས་འོད་སྟོང་ལྡན་པ་ངང་གིས་མཚོན་ཐུབ། དུས་སྟོན་གྱི་མཛད་སྒོར་སློབ་གཙོ་བསོད་ནམས་རྡོ་རྗེ་ཡིས་ཕྱོགས་བསྡུས་རང་བཞིན་སྒོས་ཤིས་ཚིག་དང་བཅས་པའི་གསུང་བཤད་གནང་ཞིང་། རིམ་ནས་དགེ་རྒན་འཐུས་ཚབ་པ་སྟག་འབུམ་ཚེ་རིང་དང་སློབ་མའི་འཐུས་ཚབ་པ་བདེ་ལེགས་ཀུན་འགྲུབ་བཅས་ནས་དུས་སྟོན་ལ་ཁ་གཡང་སྨོན་ཚིག་ཕུལ་བ་དང་རིམ་པར་ལོ་རིམ་གཉིས་པའི་སློབ་བུ་བརྒྱ་དང་ལྔ་བཅུ་ཙམ་གདོང་ལེན་རུ་མིར་ཞུགས་པའི་ཆོ་ག་སྤེལ་རྗེས་སྔ་དྲོའི་ཚན་པ་འུར་འུར་ཟིང་ཟིང་གི་དགའ་སྤྲོའི་ཡོ་ལང་ཁྲོད་ནས་རེ་ཞིག་མཇུག་བསྡུས།
དུས་ཚོད་གཅིག་གི་སྟེང་དུ་དྲུག་གཅིག་དུས་ཆེན་དང་རིག་གནས་སྒྱུ་རྩལ་དུས་སྟོན་བསུ་བའི་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བརྩམས། རིག་རྩལ་འཁྲབ་སྟོན་ལ་ཡང་ལོ་རིམ་སོ་སོའི་སློབ་མ་དང་དགེ་རྒན། ད་དུང་ལས་བཟོ་བ་བཅས་རིགས་ཆེན་པོ་གསུམ་དུ་དགར་ནས་རྩེད་མོའི་འགྲན་སྡུར་སྤེལ་ཞིང་། རྩེད་མོའི་རྣམ་གྲངས་ལ་མི་རིགས་གླུ་གར་དང་། དེང་རབས་ཞབས་བྲོ། སྲོལ་རྒྱུན་ཆོ་ག་སོགས་རིག་རྩལ་ཁག25ལྷག་གིས་གླུ་གར་གྱི་རྒྱ་མཚོ་བསྐྱིལ་ཏེ། དགེ་སློབ་ཡོངས་དང་ཕྱོགས་ཡོང་གཟིགས་མོ་བ་ཀུན་གྱི་མིག་གི་དྭངས་མ་རིང་དུ་འཕྲོག་པར་བྱས་པ་དང་། དུས་ཚོད5སྟེང་དུ་རྒྱ་ཆེའི་ལྟད་མོ་བ་དང་འགྲན་ཞུགས་པ་ཀུན་གྱི་འཁྲེང་སེམས་ཁྲོད་ནས་རིག་རྩལ་འཁྲབ་སྟོན་བདེ་ལེགས་ངང་མཇུག་བསྡུས།
ཐེངས་འདིའི་རིག་རྩལ་རྣམ་གྲངས་ཀུན་ལ་བྱ་དགའི་རྟིང་སྐུལ་བྱས་པ་སྟེ། ལོ་རིམ་ཁག་ལས་ཨང་དང་བོ་ཐོབ་མཁན་ནི། ལོ་རིམ་དང་པོའི་ཚན་སྐོར་དང་། ལོ་རིམ་དྲུག་པའི་ཚན་སྐོར། ལོ་རིམ་གསུམ་པའི་ཚན་སྐོར་བཅས་ཡིན། ཨང་གཉིས་པ་ལེན་མཁན་ནི། ལོ་རིམ་ལྔ་བའི་ཚན་སྐོར་དང་། ལོ་རིམ་བདུན་པའི་ཚན་སྐོར། ལོ་རིམ་བརྒྱད་པའི་ཚན་སྐོར། ལོ་རིམ་དགུ་བའི་ཚན་སྐོར་བཅས་རེད། དགེ་ལས་བཟོ་བའི་ཚན་སྐོར་ལས་ཨང་དང་བོ་ཐོབ་མཁན་ནི་འཚོ་བའི་ཞབས་ཞུའི་སྡེ་ཁག་དང་བརྩོན་འགྲུས་གླིང་ཡིན་པ་དང་། དགེ་ལས་བཟོ་བའི་ཚན་སྐོར་ལས་ཨང་གཉིས་པ་ཐོབ་མཁན་ནི་བློ་ལྡན་གླིང་དང་ཤེས་རབ་གླིང་གཉིས་ཡིན། གོང་རིམ་བྱ་དགའི་རྣམ་གྲངས་ཀུན་ལ་སྒོར་གྲངས་སྟོང་ཡས་མས་དང་བཅས་པའི་བྱ་དགའི་རྟགས་མ་གནང་སྟེ་རྟིང་སྐུལ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com