མུ་ཏིག་བདུན་ཅུའི་གསེར་ཐལ་སྦྱོར་ཐབས་ཀྱི་རྒྱུན་འཛིན་པ་ཉི་མ་ལགས་ལ་མན་ངག་རྒྱུད་འཛིན་གྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-13 09:53:00 ཀློག་གྲངས།:


གསོ་རིག་ཆེད་མཁས་པ་གྲགས་ཅན་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་
མན་ངག་རྒྱུད་འཛིན་གྱི་བྱ་དགའ་ཐོབ་པ།

  ཟླ6པའི་ཚེས12ཉིན། ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱིས་སྤེལ་པའི“ཀྲུང་ཧྭ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་མན་ངག་རྒྱུད་འཛིན་གྱི་བྱ་དགའ”གནང་བའི་མཛད་སྒོ་པེ་ཅིང་དུ་བསྡུས་པ་རེད། བོད་ཀྱི་གསོ་རིག་ཆེད་མཁས་པ་གྲགས་ཅན་ནམ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་བོད་སྨན་མུ་ཏིག་བདུན་ཅུའི་གསེར་ཐལ་སྦྱོར་ཐབས་ཀྱི་མན་ངག་རྒྱུན་འཛིན་པ་ཉི་མ་ལགས་ལ་ཐེངས་དང་པོའི་ཀྲུང་ཧྭ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་མན་ངག་རྒྱུད་འཛིན་གྱི་བྱ་དགའ་ཐོབ་པ་རེད།
  མུ་ཏིག་བདུན་ཅུའི་གསེར་ཐལ་སྦྱོར་ཐབས་ནི་བོད་ཀྱི་གསོ་རིག་ཁྱབ་ཁོངས་སུ་ལག་རྩལ་ཆུ་ཚད་ཆེས་མཐོ་བ་དང་། ལས་ཚེགས་ཤིན་ཏུ་ཆེ་ཞིང་དུས་ཡུན་རིང་བའི་སྨན་གྱི་སྦྱོར་ཐབས་ཤིག་ཡིན་པའི་ཁར། མུ་ཏིག་བདུན་ཅུའི་གསེར་ཐལ་སྦྱོར་ཐབས་ཀྱི་མན་ངག་མངའ་བའི་མཁས་པའི་དབང་བོ་ཉིན་མོའི་སྐར་མ་བཞིན་ཧ་ཅང་དཀོན་པ་རེད།
  མིག་སྔར་མུ་ཏིག་བདུན་ཅུའི་གསེར་ཐལ་སྦྱོར་ཐབས་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་བདམས་ཡོད་ཅིང་། གསོ་རིག་ཆེད་མཁས་པ་ཉི་མ་ལགས་ནི་སྦྱོར་ཐབས་འདིའི་མན་ངག་རྒྱུན་འཛིན་པ་ཁོ་ན་ཡིན་པ་དང་། ཁོང་གིས་སློབ་མ་སྐྱེད་སྲིང་དང་ཁྲིད་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་བོད་སྨན་བཙོ་ཐལ་གྱི་འདུལ་ཐབས་བྱེ་བྲག་པ་ལེགས་པོར་སྲུང་འཛིན་བྱས་ཡོད་པ་རེད།
  མན་ངག་རྒྱུད་འཛིན་གྱི་བྱ་དགའ་ཐོབ་པ་ནི་གསོ་རིག་མཁས་དབང་ཉི་མ་ལགས་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། དེ་མིན་བོད་ཀྱི་གསོ་རིག་ཁྱབ་ཁོངས་སུ་མཚོན་ན་གཟི་བརྗིད་ཅིག་དང་གཞེན་སྐུལ་ཞིག་ཡིན་ཞིང་། ཁོང་ཉིད་ཀྱིས་བཤད་རྒྱུར། ཁོས་བོད་སྨན་སྦྱོར་ཐབས་ཀྱི་མན་ངག་འཛིན་སྤེལ་བྱས་པར་བརྒྱུད་བོད་ཀྱི་གསོ་བ་རིག་པ་དབྱར་རྔའི་ཟླ་བཞིན་གོང་དུ་སྤེལ་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་འདི་དལ་འགྲོ་ཆུ་བོའི་རྒྱུན་བཞིན་ཡུན་ནས་ཡུན་དུ་དར་སྤེལ་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།